ལེའུ་ལྔ་པ།
1 ཀྱེ་ཀྱེ་མི་སྡེའི་རུ་ཤོག་རྣམས། ད་ལྟ་མཉམ་དུ་འདུས་ནས་དཔུང་སྒྲིལ་ཅིག དགྲ་རྣམས་འོངས་ཏེ་ང་ཚོའི་མཐའ་ནས་བསྐོར་བ་དང་། དབྱུག་པས་ཡེས་ར་ཨེལ་གྱི་སྲིད་སྐྱོང་མཁན་གྱི་གདོང་ལ་རྒྱག་པར་འགྱུར།
དཀོན་མཆོག་གིས་ཞལ་བཞེས་གནང་བའི་དབང་བྱེད་མཁན་པེད་ལེ་ཧེམ་ནས་ཐོན་པ།
2 ཀྱེ་པེད་ལེ་ཧེམ་གྱི་ཨེབ་རཱད་ལགས། ཁྱོད་ནི་ཡ་ཧུ་དཱའི་རུས་རྒྱུད་རྣམས་ལས་ཆུང་ནའང་། རྗེས་སུ་ཁྱོད་ལས་མི་ཞིག་ཐོན་ནས་ཡེས་ར་ཨེལ་དུ་བདག་གི་ཕྱིར་དུ་དབང་མཛད་པ་དང་། ཁོང་གི་རྩ་བ་ནི་གནའ་དུས་དང་ཐོག་མ་ནས་ཡོད་པ་ཡིན།
3 དེ་བས་ན་ཕྲུ་གུ་བཙའ་རན་པའི་བུད་མེད་ཀྱིས་ཕྲུ་གུ་བཙའ་བའི་བར་དུ། ཡ་ཝཱེས་ཡེས་ར་ཨེལ་པ་ནི་ཡོངས་སུ་འདོར་བ་དང་། དུས་དེར། དེའི་སྤུན་ཟླ་ལྷག་ལུས་རྣམས་ཀྱང་ཕྱིར་ཡེས་ར་ཨེལ་པ་རྣམས་ཀྱི་ཁྲོད་དུ་ལོག་ངེས་ཡིན།
4 ཁོང་ནི་དཀོན་མཆོག་ཡ་ཝཱེའི་ནུས་མཐུ་ལ་བརྟེན་ངེས་ཡིན་ཏེ། ཁོང་གི་དཀོན་མཆོག་ཡ་ཝཱེའི་གཟི་བྱིན་ལྡན་པའི་མཚན་ལ་བརྟེན་ནས། ཡར་ལངས་ཏེ་ལུག་ཁྱུ་འཚོ་སྐྱོང་བྱེད་ཅིང་དེ་རྣམས་བདེ་བར་འགོད་པའོ། །ཅི་ལ་ཞེ་ན། ད་ནི་ས་མཐའི་བར་དུ་ཁོང་ལ་བཀུར་སྟི་ཆེན་པོ་འབྱུང་བར་འགྱུར་རོ། །
5 སྐྱེས་བུ་འདི་ནི་ཞི་བདེ་གནང་མཁན་ཡིན་ལ། ཨ་སུར་པས་ང་ཚོའི་ཡུལ་དུ་བཙན་འཛུལ་བྱས་ཏེ་རང་ཅག་གི་ཕོ་བྲང་ལ་རྡོག་རོལ་གཏོང་བའི་ཚེ། རང་ཅག་གིས་རྫི་བོ་བདུན་དང་འགོ་དཔོན་བརྒྱད་བསྐོས་ནས་དེ་རྣམས་ལ་རྒོལ་བར་བྱ།
6 ཁོང་རྣམས་ཀྱིས་ཨ་སུར་གྱི་ཡུལ་དང་ནིམ་རོད་ཡུལ་ལ་རལ་གྲི་ཡིས་སྲིད་སྐྱོང་བར་འགྱུར་ཞིང་། ཨ་སུར་པས་ང་ཚོའི་ཡུལ་དུ་བཙན་འཛུལ་བྱས་ནས་ང་ཚོའི་ས་མཚམས་ལ་རྡོག་རོལ་གཏོང་བའི་ཚེ། ཁོང་གིས་རང་ཅག་སྐྱོབ་ངེས་ཡིན།
7 ཡ་ཀོབ་ཀྱི་མི་ལྷག་ལུས་རྣམས་ནི་མི་རིགས་མང་པོའི་ཁྲོད་དུ་གནས་ཤིང་། དཀོན་མཆོག་ཡ་ཝཱེ་ནས་ཟིལ་བ་བབས་པ་དང་། སྦྲང་ཆར་རྩྭ་ཐང་དུ་བབས་པ་ནང་བཞིན་ཡིན་ལ། དེ་ཚོ་འགྲོ་བ་མི་ལ་མི་བརྟེན་ཞིང་འཇིག་རྟེན་མི་ལ་རེ་སྒུག་ཀྱང་མི་བྱའོ། །
8 ཡ་ཀོབ་མི་རིགས་ཀྱི་ལྷག་ལུས་རྣམས་ནི་རྒྱལ་ཁབ་ཁག་དང་མི་རིགས་མང་པོའི་ཁྲོད་དུ་གནས་ཤིང་། ནགས་ཚལ་གྱི་རི་དྭགས་རྣམས་ལས་སེང་གེ་ལྟ་བུ་དང་། ཡང་སེང་གེ་དར་མ་ལུག་ཁྱུ་རུ་རྒྱུ་བ་བཞིན་ཡིན། དེ་རྒྱུ་བའི་ཚེ་རྡོག་རོལ་བཏང་ནས་གཤགས་པར་འགྱུར་ལ་སུས་ཀྱང་སྐྱོབ་མི་ནུས་སོ། །
9 ཁྱེད་ཀྱི་ཕྱག་ནི་ཡར་བཀྱགས་ནས་དགྲ་ལས་རྒྱལ་བར་སྨོན། ཁྱེད་ཀྱི་དགྲ་རྣམས་འཇོམས་པར་གྱུར་ཅིག
10 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཉིན་མོ་དེ་ལ་ངས་ཁྱོད་ཚོའི་ནང་དུ་ཡོད་པའི་རྟ་རྣམས་བཀུམས་ནས་ཤིང་རྟ་རྣམས་མེད་པར་བྱ།
11 ཁྱོད་ཀྱི་ཡུལ་གྱི་གྲོང་ཁྱེར་རྣམས་ཚར་བཅད་དེ། ཁྱོད་ཀྱི་བཙན་རྫོང་ཐམས་ཅད་གཏོར་བར་བྱ།
12 ཁྱོད་ཀྱི་ལག་པའི་རྫུ་འཕྲུལ་རྣམས་མེད་པར་བྱ་སྟེ། ད་ནི་ཁྱོད་ཀྱི་སར་མོ་པ་ཡོད་པར་མི་འགྱུར་རོ། །
13 ཡང་ཁྱོད་ཚོའི་ཁྲོད་ཀྱི་རྡོ་བརྐོས་ཀྱི་སྐུ་འདྲ་དང་རྡོ་རིང་རྣམས་མེད་པར་བྱ་སྟེ། ད་ནི་ཁྱོད་ཀྱིས་རང་གི་ལག་པས་བཟོས་པར་ཕྱག་མི་འཚལ།
14 ངས་ཁྱོད་ཚོའི་ཁྲོད་ནས་ལྷ་མོ་ཨ་ཤེ་རཱའི་སྐུ་བརྙན་རྣམས་མེད་པར་བཟོ་སྟེ། ཁྱོད་ཀྱི་གྲོང་ཁྱེར་རྣམས་མེད་པར་བཟོ་ངེས་ཡིན།
15 ཡང་ངའི་བཀའ་ལ་མ་མཉན་པའི་མི་རིགས་ལ་ཁོང་ཁྲོ་དང་ཞེ་སྡང་གི་ངང་ནས་ལན་འཇལ་བར་བྱའོ་ཞེས་གསུངས་སོ། །