ལེའུ་བདུན༌པ།
མི་གཞན་གྱི་མཚང་མི་འབྱིན་པའི་སྐོར་གྱི་ཆོས་གསུངས༌པ།
1 ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། གཞན་གྱིས་ཁྱོད་རྣམས་ཀྱི་མཚང་མི་འབྱིན་པའི་ཕྱིར༌དུ། ཁྱོད་ཅག་གིས་ཀྱང་མི་གཞན་གྱི་མཚང་མ་འབྲུ༌ཞིག
2 རྒྱུ་མཚན་ནི་ཁྱོད་ཅག་གིས་ཇི་ལྟར་མི་གཞན་གྱི་མཚང་བྲུས༌ན། ཁྱོད་རྣམས་ལའང་དེ་ལྟར་མཚང་འབྱིན་ཕོག་པ༌དང༌། ཁྱོད་ཅག་གིས་སྣོད་ཅི་ལྟ་བུ་ལས་མི་གཞན་ལ་བྱིན༌ན། སྣོད་དེ་ལྟ་བུ་ལས་ཁྱོད་ཅག་ལའང་གནང་བར་འགྱུར་བའི་ཕྱིར༌རོ།།
3 ཡང་ཁྱོད་ཀྱིས་རང་གི་སྤུན་ཟླའི་མིག་ནང་དུ་སྦུར་མ་ཡོད་པ་མཐོང༌ན། ཅིའི་ཕྱིར་རང་གི་མིག་ནང་དུ་ཡོད་པའི་གདུང་མ་མི་མཐོང༌ངམ།
4 ཡང་ཁྱོད་རང་གི་མིག་ནང་དུ་གདུང་མ་ཡོད༌ཀྱང༌། ཁྱོད་ཀྱིས་རང་གི་སྤུན་ཟླ་ལ་ངས་ཁྱོད་ཀྱི་མིག་ནང་དུ་ཡོད་པའི་སྦུར་མ་ལེན་པར་བྱེད་ཅེས་སྨྲ་ནུས༌སམ།
5 ཚུལ་འཆོས་པ་ཁྱོད་ཀྱིས་ཐོག་མར་རང་གི་མིག་ནང་དུ་ཡོད་པའི་གདུང་མ་ལོངས༌དང༌། དེ་ནས་རང་གི་མིག་ཟུང་གིས་གསལ་པོར་མཐོང་ཐུབ༌པས། ད་གཟོད་རང་གི་སྤུན་ཟླའི་མིག་ནང་དུ་ཡོད་པའི་སྦུར་མ་ལེན་ནུས༌པའོ།།
6 ཁྱོད་ཅག་གིས་གང་ཞིག་དམ་པ་ཡིན་པ་དེ་ཁྱི་ལ་སྟེར་མི་རུང༌ལ། མུ་ཏིག་ཀྱང་ཕག་གི་མདུན་དུ་འཕེན་མི༌རུང༌། དེ་ལྟར་བྱས༌ན། ཕག་གིས་མུ་ཏིག་བརྫི་བར་འགྱུར་བ༌དང༌། ཁྱིས་ཁྱོད་ཅག་ལ་སོ་བཏབ་ནས་དུམ་བུར་བྱེད་པར་འགྱུར་ཞེས་གསུངས༌སོ།།
དཀོན་མཆོག་ལ་གསོལ་བ་འདེབས་དགོས་པར་གདམས༌པ།
7 ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རྣམས་ཀྱིས་གསོལ་བ་ཐོབས་དང་གནང་ངེས་ཡིན༌ལ། ཚོལ་དང་རྙེད་ངེས༌ཡིན། སྒོ་རྡུངས་དང་སྒོ་འབྱེད་པར༌ངེས།
8 རྒྱུ་མཚན་ནི་སུས་ཀྱང་གསོལ་བ་བཏབ་ན་ཐོབ་པ༌དང༌། བཙལ་ན་རྙེད༌པ། སྒོ་བརྡུངས་ན་སྒོ་འབྱེད་པའི་ཕྱིར༌རོ།།
9 ཡང་ཁྱོད་རྣམས་ལས་སུ་ཞིག་གིས་རང་གི་བུས་བག་ལེབ་ཅིག་བསླངས་ན་དེ་ལ་རྡོ་ཞིག་སྟེར༌རམ།
10 ཡང་ན་ཁོས་ཉ་ཞིག་བསླངས་ན་བུ་དེར་སྦྲུལ་ཞིག་སྟེར༌རམ།
11 སྤྱིར་ཁྱོད་རྣམས་རྒྱུད་ངན་པ་ཡིན་ཡང་རང་གི་བུ་ཕྲུག་ལ་དངོས་པོ་བཟང་པོ་སྟེར་ཤེས༌ན། ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་ཁྱོད་ཅག་གི་ཡབ་ཀྱིས་ཁོང་ལ་ཞུ་མཁན་རྣམས་ལ་དེ་བས་ཀྱང་ལན་བཟང་པོ་གནང་ངེས༌ཡིན།
12 དེའི༌ཕྱིར། དོན་གང་དང་གང༌ལའང༌། ཁྱོད་ཅག་ལ་མི་གཞན་ལས་ཇི་ལྟར་འཐོབ་འདོད༌ན། ཁྱོད་ཅག་གིས་ཀྱང་མི་གཞན་ལ་དེ་ལྟར༌བྱོས། དེ་ནི་བཀའ་ཁྲིམས་དང་ལུང་སྟོན་པའི་མདོ་རྣམས་ཀྱི་ནང་དོན་མདོར་བསྡུས་ཡིན་ཞེས་གསུངས༌སོ།།
ཐར་པའི་སྒོ་དོག་མོ་ཡིན་པར་བསྟན༌པ།
13 ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རྣམས་སྒོ་དོག་མོའི་ནང་དུ་སོང༌ཞིག ཅིའི་ཕྱིར་ཞེ༌ན། འཇིག་པར་འགྱུར་བའི་སྒོ་དེའི་འཁོབ་ནི་ཡངས་ཤིང་ལམ་ནི་རྒྱ་ཆེ༌སྟེ། ལམ་དེར་འགྲོ་བའི་མིའང་མང་བའི་ཕྱིར༌རོ།།
14 འོན་ཀྱང་མཐའ་མེད་པའི་ཚེ་སྲོག་ནང་དུ་འདྲེན་པར་བྱེད་པའི་སྒོ་དེའི་འཁོབ་ནི་དོག་ཅིང་ལམ་ནི་ཆུང༌སྟེ། སྒོ་དེ་རྙེད་མཁན་ཡང་ཉུང་ཞེས་གསུངས༌སོ།།
ལྗོན་ཤིང་དང་འབྲས་བུ་སྐོར་གྱི་ཆོས་གསུངས༌པ།
15 ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཅག་གིས་ལུང་སྟོན་པ་རྫུས་མ་རྣམས་ལ་དོགས་ཟོན་བྱོས༌ཤིག མི་དེ་དག་ཁྱོད་རྣམས་ཀྱི་གམ་དུ་ཡོང་ཞིང་ལུས་ལ་ལུག་ལྤགས་གྱོན་ནའང་ནང་སེམས་ནི་གདུག་རྩུབ་ཆེ་བའི་སྤྱང་ཀི༌ཡིན།
16 ཁྱོད་རྣམས་ཀྱིས་དེ་དག་གི་འབྲས་བུ་ལས་དེ་དག་སུ་ཡིན་པ་ཤེས་པར་འགྱུར༌ཏེ། སྤྱིར་ཚེར་མ་ལས་རྒུན་འབྲུམ༌དང༌། སྤྱང་ཚེར་ལས་བསེ་ཡབ་ཀྱི་འབྲས་བུ་འཐོག་སྲིད༌དམ།
17 དེ་བཞིན་དུ་ཤིང་སྡོང་བཟང་པོ་ཐམས་ཅད་ཀྱིས་འབྲས་བུ་བཟང་པོ་བསྐྱེད༌ཅིང༌། ཤིང་སྡོང་ངན་པས་འབྲས་བུ་ངན་པ༌བསྐྱེད།
18 ཡང་ཤིང་སྡོང་བཟང་པོས་འབྲས་བུ་ངན་པ་བསྐྱེད་མི་སྲིད༌ལ། ཤིང་སྡོང་ངན་པས་ཀྱང་འབྲས་བུ་བཟང་པོ་བསྐྱེད་མི༌སྲིད།
19 འབྲས་བུ་བཟང་པོ་མི་བསྐྱེད་པའི་ཤིང་སྡོང་ཐམས་ཅད་བཅད་དེ་མེའི་ནང་དུ་འཕེན་པར༌བྱེད།
20 དེའི༌ཕྱིར། ཁྱོད་ཅག་གིས་དེ་དག་གི་འབྲས་བུ་ལ་བལྟས་ནས་དེ་དག་སུ་ཡིན་ཤེས་པར་འགྱུར༌རོ།།
21 བདག་ལ་གཙོ་བོ་ལགས་གཙོ་བོ་ལགས་ཞེས་ཞུ་བའི་མི་ཐམས་ཅད་ནམ་མཁའི་རྒྱལ་སྲིད་དུ་ཞུགས་ཐུབ་པ་མིན༌ཏེ། ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་བདག་གི་ཡབ་ཀྱི་ཐུགས་དགོངས་ལྟར་སྒྲུབ་མཁན་ཁོ་ན་ཞུགས་ཐུབ་པ༌ཡིན།
22 མ་འོངས་པའི་ཉིན་མོ༌དེར། མི་མང་པོས་བདག་ལ་གཙོ་བོ༌ལགས། གཙོ་བོ༌ལགས། ངེད་ཅག་གིས་ཁྱེད་ཀྱི་མཚན་ལ་བརྟེན་ནས་ལུང་བསྟན་པ་མ་ཡིན༌ནམ། ཁྱེད་ཀྱི་མཚན་ལ་བརྟེན་ནས་གདོན་འདྲེ་བཏུལ་བ༌དང༌། དོན་ངོ་མཚར་ཅན་མང་པོ་བསྒྲུབས་པ་མ་ཡིན་ནམ་ཞེས་ཟེར་ངེས༌ལ།
23 དེའི༌ཚེ། བདག་གིས་མི་དེ་རྣམས༌ལ། བདག་གིས་ཁྱོད་རྣམས་གཏན་ནས་ངོ་མི་ཤེས༌པས། ཉེས་པ་བྱེད་མཁན་ཁྱོད་རྣམས་བདག་གི་དྲུང་ནས་ཕར་སོང་ཞིག་ཅེས་ཟེར་བར་འགྱུར་ཞེས་གསུངས༌སོ།།
བཟོ་བ་མཁས་བླུན་གཉིས་ཀྱི་དཔེ།
24 ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། དེའི༌ཕྱིར། བདག་གིས་སྨྲས་པའི་བཀའ་འདི་དག་སུ་ཞིག་གིས་ཐོས་ཤིང་དེ་བཞིན་དུ་བསྒྲུབས༌ན། དེ་ནི་མི་བློ་རིག་ཅན་ཞིག་གིས་རྡོ་ཕ་བོང་གི་སྟེང་དུ་ཁང་པ་བཟོས་པ་དང༌འདྲ།
25 དེ་ནས་ཆར་འབབ་ཅིང་ཆུ་ལོག་འབྱུང་བ༌དང༌། རླུང་གཡུགས་ནས་ཁང་པ་དེ་ལ་ཐོགས་ཀྱང་མི་བརྡིབ༌སྟེ། རྒྱུ་མཚན་ནི་ཁང་པ་དེ་རྡོ་ཕ་བོང་གི་སྟེང་དུ་བརྩིགས་ཡོད་པའི་ཕྱིར༌རོ།།
26 བདག་གིས་སྨྲས་པའི་བཀའ་འདི་དག་སུ་ཞིག་གིས་ཐོས་ཀྱང་དེ་བཞིན་དུ་མི་བསྒྲུབ༌ན། དེ་ནི་མི་བླུན་པོ་ཞིག་གིས་བྱེ་མའི་སྟེང་ཏུ་ཁང་པ་བརྩིགས་པ་དང༌འདྲ།
27 དེ་ནས་ཆར་བ་འབབ་ཅིང་ཆུ་ལོག་འབྱུང་བ༌དང༌། རླུང་གཡུགས་ནས་ཁང་པ་དེ་ལ་ཐོགས་ཤིང་བརྡིབས་ཏེ་ཡོངས་སུ་བརླག་པར་འགྱུར་ཞེས་གསུངས༌སོ།།
28-29 དེ་ནས་སྐྱབས་མགོན་ཡེ་ཤུས་བཀའ་དེ་ཐམས་ཅད་གསུངས་ཚར་བ༌དང༌། ཁོང་གིས་མི་རྣམས་ལ་ཆོས་གསུངས་པ་ནི་མཁན་པོ་རྣམས་དང་མི་འདྲ༌བར། མི་དབང་ཐང་ཅན་ཞིག་གིས་གསུངས་པ་དང་འདྲ༌བས། ཁོང་གི་གསུང་ཐོས་པའི་མི་རྣམས་ངོ་མཚར་བར་གྱུར༌ཏོ།།