ལེའུ་ལྔ་པ།
ནེ་ཧེམ་ཡཱས་འགོ་དཔོན་དག་གིས་བཤུ་གཞོག་བྱེད་པའི་དོན་དག་ཐག་གིས་བཅད་པ།
དེ་ནས་འབངས་མི་དང་དེ་དག་གི་ཆུང་མ་རྣམས་ཀྱིས་རང་གི་སྤུན་ཟླ་ཡ་ཧུ་དཱ་པ་རྣམས་ཀྱི་ཕྱིར་འོ་དོད་དྲག་པོ་བཏོན་ཏེ། ལ་ལས་ནི་ངེད་ཅག་ལ་བུ་དང་བུ་མོ་མི་གྲངས་མང་པོ་ཡོད་པས། འབྲུ་རིགས་ཟོས་ན་ད་གཟོད་གསོན་པོར་གནས་ཐུབ་བོ་ཞེས་དང་། ལ་ལས་མུ་གེའི་དུས་སུ་འབྲུ་རིགས་ཉོ་བའི་ཕྱིར་རང་གི་ས་ཞིང་དང་། རྒུན་འབྲུམ་ར་བ་དང་། ཁང་པ་རྣམས་གཏའ་མར་བཞག་པ་ཡིན་ཟེར། ལ་ལས་ངེད་ཅག་གིས་དངུལ་བསྐྱིས་ཏེ་རྒྱལ་པོ་ལ་ས་ཞིང་དང་རྒུན་འབྲུམ་ར་བའི་དཔྱ་ཁྲལ་ཕུལ་བ་ཡིན། ད་ལྟ་ངེད་ཅག་གི་ལུས་ཕུང་ནི་ངེད་ཅག་གི་སྤུན་ཟླའི་ལུས་ཕུང་དང་འདྲ་བ་ཡིན། ངེད་ཅག་གི་ཕྲུ་གུ་དེ་ཚོའི་ཕྲུ་གུ་དང་འདྲ་བ་ཡིན་མོད། ལྟོས་དང་། ངེད་ཀྱིས་རང་གི་བུ་དང་བུ་མོ་རྣམས་གཡོག་པོར་བཏང་སྟེ། ངེད་ཅག་གི་བུ་མོ་འགའ་ཞིག་གིས་ཕྲོགས་ཟིན་པ་དང་། ཡང་ངེད་ཅག་གི་ས་ཞིང་དང་རྒུན་འབྲུམ་ར་བ་མི་གཞན་ལ་དབང་བ་ཡིན་པས། ངེད་ཅག་ཅི་བྱ་གཏོལ་མེད་དུ་གྱུར་ཞེས་སྨྲས་སོ། ། ངས་དེ་དག་གི་སྐད་ངན་དང་གཏམ་འདི་རྣམས་ཐོས་པ་ཙམ་གྱིས་ཤིན་ཏུ་ཁྲོས་པར་གྱུར། དེ་ནས་ངས་སེམས་ཐག་བཅད་ནས་སྐུ་དྲག་དང་འགོ་དཔོན་རྣམས་ལ་འདི་ལྟར། ཁྱོད་ཅག་གིས་རང་གི་སྤུན་རྣམས་ལ་དངུལ་གཡར་ཏེ་ཁེ་ཕན་བླངས་པ་རེད་ཅེས་གཤེ་གཤེ་བཏང་བ་དང་། ངས་མི་ཚོགས་ཆེན་པོ་ཞིག་བསྡུས་ནས་དེ་དག་ལ་རྒོལ་ཏོ། ། ངས་དེ་རྣམས་ལ་འདི་ལྟར། ངེད་ཅག་གིས་ནུས་པ་ཡོད་རྒུ་བཏོན་ནས་རང་གི་སྤུན་ཡ་ཧུ་དཱ་པ་སྟེ་ཕྱི་ཕྱོགས་པ་རྣམས་ལ་བཙོངས་པ་དག་ཕྱིར་བླུས་པ་དང་། ཁྱོད་ཅག་གིས་ད་དུང་སྤུན་རྣམས་བཙོངས་ནས་ངེད་ཅག་ལ་དེ་དག་ཕྱིར་ཉོ་རུ་འཇུག་པ་ཡིན་ནམ་ཞེས་སྨྲས་པ་ལ། དེ་རྣམས་ཁ་རོག་བསྡད་ཅིང་ལན་ཅི་ཡང་འདེབས་མ་ནུས་སོ། ། ཡང་ངས་དེ་ཚོ་ལ། ཁྱོད་ཅག་གིས་བྱེད་པའི་ལས་འདི་ལེགས་པོ་མི་འདུག ང་ཚོའི་དགྲ་བོ་ཕྱི་ཕྱོགས་པ་རྣམས་ལས་ངེད་ཅག་ལ་འཕྱ་སྨོད་མི་འབྱུང་བའི་ཕྱིར། ཁྱོད་ཅག་གིས་ལས་བྱེད་དུས་ངེད་ཀྱི་དཀོན་མཆོག་ལ་གུས་ཤིང་འཇིགས་པར་མི་རུང་ངམ། 10 ང་དང་ངའི་སྤུན་དང་གཡོག་པོས་ཀྱང་དངུལ་སྒོར་དང་འབྲུ་རིགས་འབངས་མི་ལ་བསྐྱི་དགོས་པ་དང་། ཚང་མས་སྐྱེད་ཀ་འདོར་རུང་བ་ཡིན། 11 དེ་རིང་དེ་དག་གི་ས་ཞིང་དང་རྒུན་འབྲུམ་ར་བ་དང་། སྐྱུ་རུ་རའི་ཚལ་དང་ཁང་པ་དང་། ཁྱོད་ཅག་གིས་བླངས་པའི་དངུལ་བུན་དང་འབྲུ་རིགས་དང་རྒུན་ཆང་གསར་པ་དང་སྣུམ་གསར་པ་བཅས་ཀྱི་བརྒྱ་ཆ་གཅིག་གི་སྐྱེད་ཀ་ཕྱིར་སྤྲོད་དགོས་ཞེས་སྨྲས་པ་ལ། 12 སྐུ་དྲག་དང་འགོ་དཔོན་རྣམས་ཀྱིས་འདི་ལྟར། ངེད་ཅག་གིས་ཕྱིར་སྦྱིན་པར་བྱའོ། །ཁྱེད་ཀྱིས་སྨྲས་པ་བཞིན་དུ་བྱེད་ཅིང་དེ་རྣམས་ལས་ཅི་ཡང་མི་ལེན་ཞེས་སྨྲས་པས། ངས་མཆོད་དཔོན་རྣམས་བོས་ཏེ། སྐུ་དྲག་དང་འགོ་དཔོན་རྣམས་ཀྱིས་ཇི་ལྟར་སྨྲས་པ་བཞིན་བྱེད་པར་མནའ་བསྐྱལ་དུ་བཅུག་གོ ། 13 ངས་ཡང་རང་གི་བྲང་ཁུག་སྤྲུགས་ནས་འདི་ལྟར། ཁ་བཤད་དོན་ལ་མི་གནས་པ་སུ་ཡིན་ཡང་དཀོན་མཆོག་གིས་དེ་སྤྲུགས་ནས་རང་གི་ཁང་པ་དང་སྡུག་ལས་བརྒྱབ་ནས་ཐོབ་པ་དང་ཕྲལ་ཏེ་སྟོང་བར་གྱུར་ཅིག་ཅེས་སྨྲས་པས། མི་ཚོགས་ཐམས་ཅད་ཀྱིས་ཨ་མེན་ཞེས་བརྗོད་ནས། དཀོན་མཆོག་ཡ་ཝཱེ་ལ་བསྟོད་བསྔགས་བརྗོད་པ་དང་འབངས་མི་རྣམས་ཀྱིས་ཞལ་དོན་དེ་བཞིན་དུ་བགྱིས་སོ། །
ནེ་ཧེམ་ཡཱའི་སྒེར་སེམས་མེད་པ་དེ་མིག་ལྟོས་སུ་གྱུར་པ།
14 དེ་ཡང་། ང་རང་ཡ་ཧུ་དཱ་ཡུལ་གྱི་འགོ་དཔོན་དུ་གྱུར་པའི་ཉིན་ཏེ། རྒྱལ་པོ་ཨར་ཐག་ཤཱ་ཐི་ཡིས་རྒྱལ་སྲིད་བསྐྱངས་པའི་ལོ་ཉི་ཤུ་པ་ནས་སུམ་ཅུ་སོ་གཉིས་བར་དུ། བསྡོམས་པས་ལོ་བཅུ་གཉིས་ཀྱི་རིང་དུ་ང་དང་ངའི་སྤུན་གྱིས་འགོ་དཔོན་གྱི་ཕོགས་ཐོབ་མ་བླངས། 15 ངའི་སྔོན་གྱི་འགོ་དཔོན་གྱིས་འབངས་ཀྱི་འཁུར་བོ་ཇེ་ལྕི་རུ་བཏང་ནས། ཡང་འབངས་ནས་འབྲུ་རིགས་དང་རྒུན་ཆང་དང་དངུལ་སྲང་བཞི་བཅུ་བླངས་པ་དང་། ཐ་ན་དེ་དག་གི་གཡོག་པོ་རྣམས་ཀྱིས་ཀྱང་འབངས་ལ་དབང་ཤེད་བྱས། ཡིན་ཡང་ང་རང་དཀོན་མཆོག་ལ་གུས་ཤིང་འཇིགས་པས་དེ་ལྟར་མ་བྱས། 16 ཡང་ངས་ཧུར་ཐག་གིས་མཁར་གྱང་ཉམས་གསོ་བྱས་ལ། ང་ཚོས་ས་ཞིང་མ་ཉོས་ཤིང་། ངའི་གཡོག་པོ་ཐམས་ཅད་ཀྱང་མཉམ་དུ་འཛོམས་ནས་མཁར་ལས་བྱས་སོ། ། 17 ཉེ་འཁོར་གྱི་ཕྱི་ཕྱོགས་པ་རྣམས་ལས་འོངས་པའི་མི་ལས་གཞན། ཡ་ཧུ་དཱ་པ་དང་འགོ་དཔོན་བརྒྱ་དང་ལྔ་བཅུ་ཡིས་ང་དང་མཉམ་དུ་ངའི་གསོལ་ལྕོག་གི་ཁར་ཁ་ཟས་སྤྱད་དོ། ། 18 ཉིན་རེར་གླང་རེ་དང་ལུག་ཚོན་པོ་དྲུག་རེ་གྲ་སྒྲིག་བྱས་ལ། བྱ་འགའ་ཡང་ང་ལ་གྲ་སྒྲིག་བྱས། ཉིན་བཅུ་རེར་ཐེངས་གཅིག་ལ་རྒུན་ཆང་སྣ་ཚོགས་གང་མང་མང་གྲ་སྒྲིག་བྱས། འབངས་མི་རྣམས་ཀྱི་ཁྲལ་ལྕི་དྲགས་པས་ངས་དེ་དག་ལས་འགོ་དཔོན་གྱི་ཕོགས་ཐོབ་མ་བླངས་སོ། ། 19 ཀྱེ། ང་ཡི་དཀོན་མཆོག་ལགས། བདག་གིས་འབངས་མི་འདི་རྣམས་ཀྱི་ཆེད་དུ་དོན་གང་དང་གང་བྱས་པ་ཐམས་ཅད་ཁྱེད་ཀྱི་ཐུགས་སུ་བཟུང་ནས་ང་རང་དྲིན་གྱིས་སྐྱོང་བར་མཛོད།