ལེའུ་བཅུ་གཉིས་པ།
མིར་ཡམ་དང་ཨ་རོན་གཉིས་ཀྱིས་མོ་ཤེ་ལ་རྒྱབ་འགལ་བྱས་པ།
དེ་ཡང་མོ་ཤེ་ཡིས་གུ་ཤའི་བུད་མེད་ཅིག་ཆུང་མར་བླངས་པས། གུ་ཤའི་བུད་མེད་དེའི་རྐྱེན་གྱིས་མིར་ཡམ་དང་ཨ་རོན་གཉིས་ཀྱིས་ཁོ་ལ་རྒོལ་གཏམ་བཏང་ཞིང་། དེ་གཉིས་ན་རེ། དཀོན་མཆོག་ཡ་ཝཱེས་མོ་ཤེ་ཁོ་ན་བརྒྱུད་ནས་གསུང་གླེང་མཛད་པ་ཡིན་ནམ། ཁོང་གིས་ང་ཚོ་བརྒྱུད་ནས་ཀྱང་གསུང་གླེང་མཛད་པ་མ་ཡིན་ནམ་ཞེས་སྨྲས་པ་དཀོན་མཆོག་ཡ་ཝཱེས་གསན་ཏོ། ། ད་ལྟའི་ཆར་ཡང་མོ་ཤེ་ནི་ཤིན་ཏུ་ཁེངས་ཆུང་ཡིན་ཏེ། ས་སྟེང་གི་མི་ཐམས་ཅད་ལས་ཁེངས་ཆུང་ཡིན་ནོ། །
གློ་བུར་ཉིད་ལ་དཀོན་མཆོག་ཡ་ཝཱེས་མོ་ཤེ་དང་ཨ་རོན་དང་མིར་ཡམ་བཅས་ལ་འདི་སྐད་དུ། ཁྱོད་གསུམ་པོ་ཕྱི་རུ་ཐོན་ཏེ་མཇལ་འཕྲད་གུར་མཆོག་གི་རྩར་སོང་ཞིག་ཅེས་བཀའ་གནང་བས། ཁོ་གསུམ་པོ་ཕྱི་རོལ་ཏུ་ཐོན། དེའི་ཚེ་དཀོན་མཆོག་ཡ་ཝཱེ་སྤྲིན་གྱི་ཀ་བ་ཞིག་གི་ནང་ནས་མར་ཕེབས་ཏེ་མཇལ་འཕྲད་གུར་མཆོག་གི་སྒོ་ཁར་བཞེངས་བསྡད་པ་དང་། ཨ་རོན་དང་མིར་ཡམ་གཉིས་བོས་པར་མཛད་པས། དེ་གཉིས་ཁོང་གི་ཉེ་སར་ཕྱིན་པ་ལ། ཁོང་གིས་འདི་སྐད་དུ།
ད་ཀོ་ཁྱོད་རྣམས་ང་ཡི་གཏམ་ལ་ཉོན། །
ཁྱོད་ཅག་ཁྲོད་དུ་ལུང་སྟོན་ཡོད་གྱུར་ན། །
ཡ་ཝཱེ་བདག་གིས་ཞལ་གཟིགས་བརྒྱུད་དེ་ནི། །
རང་ཉིད་ཁོ་ལ་མངོན་པར་བྱེད་པ་དང་། །
རྨི་ལམ་ཁྲོད་དུ་དེ་ལ་གཏམ་སྨྲ་ངེས། །
འོན་ཀྱང་བདག་གི་ཞབས་ཕྱི་མོ་ཤེ་ནི། །
དེ་ལྟར་མིན་གྱི་དེ་ལྟར་ག་ལ་ཡིན། །
ཁོ་ངའི་ཁྱིམ་མི་ཡོངས་སུ་བློ་སེམས་དཀར། །
བདག་གིས་ཁོ་ལ་དངོས་སུ་གཏམ་སྨྲ་ཞིང་། །
གབ་ཚིག་རྣམ་པས་མ་ཡིན་མངོན་སུམ་སྨྲ། །
ཁོས་ནི་ཡ་ཝཱེའི་གཟུགས་བརྙན་མཇལ་བ་འོ། །
ཁྱོད་ཅག་ང་ཡི་ཞབས་ཕྱི་མོ་ཤེ་ལ། །
རྒོལ་གཏམ་གཏོང་བར་མི་འཇིགས་རྒྱུ་མཚན་ཅི། །
ཞེས་གསུངས་ཤིང་། དཀོན་མཆོག་ཡ་ཝཱེ་ཁོ་གཉིས་ལ་ཐུགས་ཁྲོས་ཏེ་ཕེབས་སོང་ངོ་། །
10 སྤྲིན་མཇལ་འཕྲད་གུར་མཆོག་གི་སྟེང་ནས་ཡར་དྲངས་པའི་མུ་ལ། ལྟོས་དང་། མིར་ཡམ་ལ་མཛེ་ནད་བྱུང་སྟེ་ཁ་བ་ལྟར་དཀར་པོར་གྱུར་ཅིང་། ཨ་རོན་ཁ་ཕྱིར་འཁོར་ནས་མིར་ཡམ་ལ་བལྟས་པ་དང་། ཀྱེ་ཧོ། ཁོ་མོར་མཛེ་ནད་བྱུང་བ་མཐོང་ངོ་། ། 11 དེ་ནས་ཨ་རོན་གྱིས་མོ་ཤེ་ལ། ཇོ་བོ་ལགས། ང་ཚོ་བླུན་པོར་གྱུར་ནས་སྡིག་པ་བྱས་པའི་རྐྱེན་གྱིས་ང་ཚོར་སྡིག་པ་མི་འགེལ་བར་མཛོད་ཅིག 12 ཁྱེད་ཀྱིས་ཁོ་མོ་ཨ་མའི་མངལ་ནས་ཤ་ཕྱེད་ཀ་རུལ་ནས་ཐོན་པ་བཞིན་དང་། ཤི་ཚར་བ་ལྟར་མི་གནང་རོགས་ཞེས་ཞུས་སོ། ། 13 དེ་ནས་མོ་ཤེ་ཡིས་དཀོན་མཆོག་ཡ་ཝཱེ་ལ་གསོལ་བ་བཏབ་པ་སྟེ། ཀྱེ་དཀོན་མཆོག་ལགས། ཁྱེད་ཀྱིས་ཁོ་མོ་གསོ་བར་མཛོད་ཅེས་ཞུས་པ་ལ། 14 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། གལ་སྲིད་ཁོ་མོའི་ཕ་ཡིས་དེའི་གདོང་ལ་མཆིལ་མ་གཏོར་ན། ཁོ་མོ་ཉིན་བདུན་གྱི་རིང་ལ་ངོ་ཚར་སྦྱར་བ་མ་ཡིན་ནམ། ད་ནི་ཁོ་མོ་ཉིན་བདུན་གྱི་རིང་ལ་སྒར་གྱི་ཕྱི་རོལ་ཏུ་འགོག་དགོས། དེའི་རྗེས་སུ་ཕྱིར་ཡོང་ཆོག་ཅེས་གསུངས་སོ། ། 15 དེ་ནས་མིར་ཡམ་སྒར་གྱི་ཕྱི་རོལ་ཏུ་ཉིན་བདུན་གྱི་རིང་ལ་བཀག་ཅིང་། མིར་ཡམ་ཕྱིར་ཁྲིད་ཡོང་བའི་བར་དུ་མི་ཚོགས་ལམ་དུ་མ་ཆས་སོ། ། 16 དེའི་རྗེས་སུ་མི་ཚོགས་ཧ་ཚི་རོད་ནས་ལམ་དུ་ཆས་པ་དང་། ཕཱ་རན་ཞེས་པའི་དབེན་སྟོང་ནས་སྒར་བཏབ་བོ། །