ལེའུ་ཉི་ཤུ་པ།
བྲག་ནས་ཆུ་ཐོན་པ།
ཟླ་བ་དང་པོར་ཡེས་ར་ཨེལ་པའི་མི་ཚོགས་ཡོངས་རྫོགས་ཟིན་ཞེས་པའི་དབེན་སྟོང་དུ་ཕྱིན་ནས་ཀཱ་དེའེ་ཤཱ་རུ་བསྡད། མིར་ཡམ་དེ་རུ་ཚེ་ལས་འདས་ཤིང་ཡུལ་དེ་རུ་དུར་ལ་སྦས་སོ། །
དེ་རུ་མི་ཚོགས་ལ་འཐུང་ཆུ་མེད་པས། ཁོ་རྣམས་འདུས་ཏེ་མོ་ཤེ་དང་ཨ་རོན་གཉིས་ལ་རྒོལ་བ་དང་། མི་ཚོགས་ཀྱིས་མོ་ཤེ་ལ་རྩོད་པ་བྱས་ནས་འདི་ལྟར། ང་ཚོའི་སྤུན་ཟླ་རྣམས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཤི་བའི་ཚེ་ངེད་ཅག་ཀྱང་ཤི་ན་ལེགས་སོ། ། ཁྱོད་ཅག་གིས་དཀོན་མཆོག་ཡ་ཝཱེའི་མི་ཚོགས་དབེན་སྟོང་འདི་རུ་ཁྲིད་འོངས་དོན་ཅི། ངེད་རྣམས་དང་ངེད་ཅག་གི་ཕྱུགས་རྣམས་འདི་རུ་འཆི་བའི་ཕྱིར་ཡིན་ནམ། ཁྱོད་ཅག་གིས་ཅིའི་ཕྱིར་ངེད་རྣམས་ཨེ་ཅིབ་ཡུལ་ནས་ཡར་ས་ཆ་ངན་པ་འདིར་ཁྲིད་ཡོང་བ་ཡིན་ནམ། འདི་རུ་འབྲུ་རིགས་དང་སེ་ཡབ་ཤིང་། རྒུན་ཤིང་། སེ་འབྲུ་སྡོང་པོ་བཅས་མེད་ལ། འཐུང་ཆུ་ཡང་མེད་དོ་ཞེས་སྨྲས། དེ་ནས་མོ་ཤེ་དང་ཨ་རོན་གཉིས་མི་ཚོགས་དང་བྲལ་ནས་མཇལ་འཕྲད་གུར་མཆོག་གི་སྒོ་ཁར་སོང་སྟེ་ཕྱག་བཙལ་བ་ན། དཀོན་མཆོག་ཡ་ཝཱེའི་གཟི་འོད་ཁོ་ཚོ་ལ་སྣང་བར་གྱུར་ཏོ། །
དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་འཁར་བ་ཁྱེར་ནས་ཁྱོད་ཀྱི་ཕུ་བོ་ཨ་རོན་དང་མཉམ་དུ་མི་ཚོགས་བསྡུ་བར་གྱིས། དེ་དག་གི་མིག་ལམ་དུ་བྲག་རྡོ་ལ་ཆུ་བཞུར་བར་སྒོས་ཤིག དེ་ནས་ཁྱོད་ཀྱིས་བྲག་རྡོ་ནས་ཆུ་བཏོན་ཏེ་མི་ཚོགས་དང་དེའི་ཕྱུགས་རྣམས་ལ་ཆུ་ལྡུད་པར་འགྱུར་རོ་ཞེས་གསུངས་སོ། ། དེ་ནས་མོ་ཤེ་ཡིས་དཀོན་མཆོག་ཡ་ཝཱེའི་བཀའ་བཞིན་དུ། ཁོང་གི་དྲུང་ནས་འཁར་བ་ཁྱེར་ཏེ་སོང་ངོ་། །
མོ་ཤེ་ཡིས་བྲག་ལ་བརྡུངས་པ།
10 དེ་ནས་མོ་ཤེ་དང་ཨ་རོན་གཉིས་ཀྱིས་མི་ཚོགས་བྲག་གི་མདུན་དུ་བསྡུས་ནས་ཁོ་རྣམས་ལ་འདི་ལྟར། ངོ་ལོག་པ་ཁྱོད་ཅག་གིས་ཉོན་ཅིག ངེད་གཉིས་ཀྱིས་བྲག་འདི་ནས་ཁྱོད་རྣམས་ལ་ཆུ་འདོན་པར་བྱའམ་ཞེས་སྨྲས་ཤིང་། 11 མོ་ཤེ་ཡིས་ལག་པ་ཡར་བཏེགས་ཏེ། འཁར་བས་བྲག་ལ་ལན་གཉིས་བརྡུངས་པ་ན་ཆུ་མང་པོ་ཐོན། དེ་ནས་མི་ཚོགས་དང་དེའི་ཕྱུགས་རྣམས་ཀྱིས་ཆུ་འཐུངས་སོ། །
12 དེ་ནས་དཀོན་མཆོག་ཡ་ཝཱེ་ཡིས་མོ་ཤེ་དང་ཨ་རོན་གཉིས་ལ་འདི་སྐད་དུ། ཁྱོད་གཉིས་ཀྱིས་བདག་ལ་དད་པ་མ་བྱས་པ་དང་། ཡེས་ར་ཨེལ་པ་རྣམས་ཀྱི་མདུན་དུ་ང་དམ་པར་མ་བཀུར་བའི་རྐྱེན་གྱིས། ཁྱོད་གཉིས་ཀྱིས་མི་ཚོགས་འདི་བདག་གིས་གནང་བར་བྱ་བའི་ཡུལ་དུ་འཁྲིད་པར་མི་འགྱུར་རོ་ཞེས་གསུངས་སོ། ། 13 དེ་ནི་མེ་རི་བཱ་ཡུལ་གྱི་ཆུ་རྣམས་ཡིན། ཡེས་ར་ཨེལ་པ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་རྩོད་པ་བྱས་ཤིང་། ཁོང་གིས་དེ་དག་གི་ཁྲོད་དུ་རང་ཉིད་དམ་པ་ཡིན་པ་བསྟན་པའི་ཕྱིར་རོ། །
ཨེ་དོམ་ནས་ལམ་མ་ཕྱེས་པ།
14 མོ་ཤེ་ཡིས་ཀཱ་དེའེ་ཤཱ་ནས་ཨེ་དོམ་གྱི་རྒྱལ་པོ་ལ་བང་ཆེན་རྣམས་བཏང་སྟེ་ན་རེ། ཁྱེད་ཀྱི་སྤུན་ཟླ་ཡེས་ར་ཨེལ་གྱིས་ཁྱེད་ལ་འདི་ལྟར། ངེད་ཅག་ལ་བྱུང་བའི་དཀའ་སྡུག་ཐམས་ཅད་ཁྱེད་ཀྱིས་ཤེས་ཡོད། 15 ངེད་ཅག་གི་མེས་པོ་རྣམས་མར་ཨེ་ཅིབ་ཡུལ་དུ་སོང་བ་དང་། ངེད་རྣམས་ཨེ་ཅིབ་ཡུལ་ནས་ཡུན་རིང་པོར་བསྡད་ཅིང་། ཨེ་ཅིབ་པ་རྣམས་ཀྱིས་ངེད་ཅག་དང་ངེད་ཅག་གི་མེས་པོ་རྣམས་ལ་དཀའ་ངལ་མང་པོ་སྤྲད། 16 ངེད་ཅག་གིས་དཀོན་མཆོག་ཡ་ཝཱེ་ལ་འོ་དོད་བོས་པ་དང་། ཁོང་གིས་ངེད་རྣམས་ཀྱི་སྐད་གསན་ནས་ཕོ་ཉ་མངགས་ཏེ་ངེད་ཅག་ཨེ་ཅིབ་ཡུལ་ནས་ཁྲིད་ཐོན་པ་ཡིན། ལྟོས་དང་། ད་ལྟ་ངེད་ཅག་ཁྱེད་ཀྱི་མཐའ་མཚམས་སུ་ཡོད་པའི་གྲོང་ཁྱེར་ཀཱ་དེའེ་ཤཱ་རུ་ཡོད། 17 ཁྱེད་ཀྱིས་ངེད་རྣམས་ཁྱེད་ཀྱི་ཡུལ་བརྒྱུད་ནས་འགྲོ་རུ་འཇུག་པར་མཛོད། ངེད་ཅག་ཞིང་ཁ་དང་རྒུན་འབྲུམ་ར་བ་བརྒྱུད་ནས་མི་འགྲོ་ལ། ཁྲོན་པ་རྣམས་ཀྱི་ཆུ་ཡང་མི་འཐུང་། ངེད་རྣམས་རྒྱལ་པོའི་ལམ་ཆེན་ནས་འགྲོ་ཞིང་། ཁྱེད་ཀྱི་ས་མཚམས་ནས་བརྒལ་བའི་བར་དུ་ལམ་གྱི་གཡས་གཡོན་གང་དུའང་གཟུར་བར་མི་བྱ་ཞེས་ཟེར་རོ་ཞེས་སྨྲས་པ་ལ། 18 ཨེ་དོམ་གྱིས་བང་ཆེན་ལ་འདི་ལྟར། ཁྱོད་རྣམས་ངའི་ཡུལ་བརྒྱུད་ནས་འགྲོ་མི་ཆོག གལ་སྲིད་སོང་ན། ངས་རལ་གྲི་ཁྱེར་ནས་ཁྱོད་རྣམས་ལ་འཐབ་པར་སླེབ་ཡོང་ཞེས་སྨྲས། 19 དེ་ནས་ཡེས་ར་ཨེལ་པ་རྣམས་ཀྱིས་ཁོ་ལ། ངེད་ཅག་ལམ་ཆེན་ནས་ཡར་འགྲོ་བ་དང་། ངེད་ཅག་དང་ངེད་ཅག་གི་ཕྱུགས་རྣམས་ཀྱིས་ཁྱེད་ཀྱི་ཆུ་འཐུང་ན་དེ་ལ་རིན་སྤྲོད་ངེས་ཤིང་། ངེད་རྣམས་རྐང་ཐང་ལ་ཡུལ་འདི་བརྒྱུད་ནས་འགྲོ་ཆོག་པར་ཞུ། གཞན་ཅི་ཡང་མི་དགོས་ཞེས་ཞུས་ཀྱང་། 20 ཨེ་དོམ་གྱི་རྒྱལ་པོ་ན་རེ། ཁྱོད་རྣམས་ཡུལ་འདི་བརྒྱུད་ནས་འགྲོ་མི་ཆོག་ཅེས་སྨྲས་ཏེ། མི་མང་པོ་ཁྲིད་ནས་བཙན་ཤུགས་དང་བཅས་ཡེས་ར་ཨེལ་པ་རྣམས་ལ་རྒོལ་བར་ཐོན་ནོ། ། 21 དེ་ལྟར་ཨེ་དོམ་གྱིས་ཡེས་ར་ཨེལ་པ་རྣམས་རང་གི་མངའ་ཁོངས་བརྒལ་ནས་འགྲོ་བར་མ་བཅུག་པས། ཡེས་ར་ཨེལ་པ་རྣམས་ཁོ་དང་བྲལ་ནས་སོང་ངོ་། །
ཨ་རོན་ཚེ་ལས་འདས་པ།
22 ཡེས་ར་ཨེལ་པའི་མི་ཚོགས་ཡོངས་ཀཱ་དེའེ་ཤཱ་ནས་ལམ་དུ་ཆས་ཏེ་ཧོར་ཞེས་པའི་རི་བོར་སླེབས་པ་དང་། 23 དཀོན་མཆོག་ཡ་ཝཱེས་ཨེ་དོམ་ཡུལ་གྱི་ས་མཚམས་སུ་ཡོད་པའི་རི་བོ་ཧོར་ཞེས་པར་མོ་ཤེ་དང་ཨ་རོན་གཉིས་ལ་འདི་སྐད་དུ། 24 ཨ་རོན་ནི་རང་གི་མེས་པོ་རྣམས་ཀྱི་དྲུང་དུ་འཛོམ་པར་ངེས།* ཁོ་ནི་བདག་གིས་ཡེས་ར་ཨེལ་པ་རྣམས་ལ་སྦྱིན་པའི་ཡུལ་དུ་འཛུལ་བར་མི་འགྱུར། གང་ལ་ཞེ་ན། ཁྱོད་གཉིས་མེ་རི་བཱའི་ཆུ་ཡི་ཐད་ནས་ངའི་བཀའ་དང་འགལ་བའོ། ། 25 མོ་ཤེ་ཁྱོད་ཀྱིས་ཨ་རོན་དང་ཁོའི་བུ་ཨེ་ལི་ཨ་ཟར་གཉིས་ཁྲིད་ནས་རི་བོ་ཧོར་དུ་ཡར་སོང་ཞིག 26 ཨ་རོན་གྱི་འཕགས་གོས་རྣམས་ཕུད་ནས་ཁོའི་བུ་ཨེ་ལི་ཨ་ཟར་ལ་སྐོན་ཅིག ཨ་རོན་ནི་རང་གི་མེས་པོ་རྣམས་ཀྱི་དྲུང་དུ་འཛོམས་ནས་གནས་དེར་འཆི་བར་འགྱུར་ཞེས་གསུངས་པ་ལ། 27 མོ་ཤེ་ཡིས་དཀོན་མཆོག་ཡ་ཝཱེའི་བཀའ་བཞིན་དུ་བསྒྲུབས་ཏེ། མི་ཚོགས་ཡོངས་ཀྱི་མཐོང་ངོར་རི་བོ་ཧོར་དུ་ཡར་སོང་ངོ་། ། 28 དེ་ནས་མོ་ཤེ་ཡིས་ཨ་རོན་གྱི་འཕགས་གོས་རྣམས་ཕུད་ནས་ཁོའི་བུ་ཨེ་ལི་ཨ་ཟར་ལ་བསྐོན་པ་དང་། ཨ་རོན་རི་རྩེ་དེར་ཚེ་ལས་འདས་རྗེས་མོ་ཤེ་དང་ཨེ་ལི་ཨ་ཟར་གཉིས་རི་ནས་མར་བབས་སོ། ། 29 དེ་ནས་མི་ཚོགས་ཡོངས་ཀྱིས་ཨ་རོན་ཚེ་ལས་འདས་པ་མཐོང་རྗེས། ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ཐམས་ཅད་ཨ་རོན་གྱི་དོན་དུ་ཉིན་སུམ་ཅུའི་རིང་ལ་བཤུམས་པའོ། །
* ལེའུ་ཉི་ཤུ་པ།:24 ཨ་རོན་ནི་རང་གི་མེས་པོ་རྣམས་ཀྱི་དྲུང་དུ་འཛོམ་པར་ངེས་ཞེས་པ་འདི་ཡ་ཧུ་དཱ་མི་རིགས་ཀྱི་སྐད་དུ། ཁོ་ཚེ་ལས་འདས་ནས་རང་གི་མེས་པོ་རྣམས་དང་འཕྲད་ངེས་ཞེས་པའི་དོན་ཡིན།