ལེའུ་ཉེར་བཞི་པ།
པེལ་ཨམ་གྱི་ལུང་བསྟན་གསུམ་པ།
དེ་ཡང་པེལ་ཨམ་གྱིས་ཡེས་ར་ཨེལ་ལ་བྱིན་རླབས་གནང་བར་དཀོན་མཆོག་ཡ་ཝཱེ་ཐུགས་དགྱེས་པ་མཐོང་བས། ཁོ་སྔར་བཞིན་སྔ་ལྟས་འཚོལ་དུ་མ་སོང་བར། དབེན་སྟོང་གི་ཕྱོགས་སུ་གདོང་གཏད་ནས་བསྡད་དོ། ། དེ་ནས་པེལ་ཨམ་གྱིས་མིག་རྒྱང་རིང་མོས་བལྟས་པ་ན། ཡེས་ར་ཨེལ་ནི་ཚོ་པ་རེ་རེ་བཞིན་སྒར་བཏབ་ནས་བསྡད་ཡོད་པ་མཐོང་ཞིང་། དཀོན་མཆོག་གི་ཐུགས་ཉིད་ཁོའི་སྟེང་ལ་བབས་པ་དང་། ཁོས་རང་གི་ལུང་བསྟན་དབྱངས་ལ་གྱེར་ནས་འདི་ལྟར།
པེ་ཨོར་བུ་སྟེ་པེལ་ཨམ་ཁོ་ན་རེ། །
མིག་རྒྱང་རིང་བའི་མི་ཡིས་འདི་སྐད་སྨྲ། །
དཀོན་མཆོག་ཁོང་གི་བཀའ་ནི་ཐོས་པ་དང་། །
ཀུན་དབང་ཉིད་ཀྱི་ཞལ་གཟིགས་མཐོང་བ་འོ། །
ལུས་པོ་ས་རུ་འགྱེལ་ཞིང་མིག་ཟུང་ནི། །
ཕྱེས་པ་དེ་ཡིས་འདི་སྐད་སྨྲ་བར་འགྱུར། །
ཀྱེ་ཀྱེ་ཡ་ཀོབ་ཁྱེད་ཀྱི་གུར་རྣམས་ཇི་འདྲའི་མཛེས་པ་ལ། །
ཀྱེ་ཀྱེ་ཡེས་ར་ཨེལ་གྱི་གུར་རྣམས་ཇི་འདྲའི་ཡིད་དུ་འོང་། །
དེ་ནི་ལུང་པ་རྒྱང་དུ་བསྲིངས་པ་དང་། །
གཙང་པོའི་འགྲམ་གྱི་སྐྱེད་མོས་ཚལ་དང་འདྲ། །
ཡ་ཝཱེས་བཙུགས་པའི་ཨ་ག་རུ་དེ་དང་། །
ཆུ་བོའི་འགྲམ་གྱི་ཐང་ཤིང་ལ་ནི་མཚུངས། །
ཁོང་གི་ཟོ་ལས་ཆུ་ནི་འབབ་པ་དང་། །
ཁོང་གི་བུ་རྒྱུད་ཆུ་མོད་ས་ལ་གནས། །
ཁོང་གི་རྒྱལ་པོ་ཨ་གག་ལས་མཆོག་ཅིང་། །
ཁོང་གི་རྒྱལ་ཁམས་མཐོ་རུ་འཕགས་པར་འགྱུར། །
དཀོན་མཆོག་གིས་ཁོང་ཨེ་ཅིབ་ཡུལ་ནས་ཁྲིད། །
གླང་རྒོད་འདྲ་བའི་སྟོབས་ཤུགས་ཁོང་ལ་ལྡན། །
དགྲ་བོའི་མི་རིགས་རྩ་མེད་གཏོང་བ་དང་། །
དེ་ཚོའི་རུས་པ་རྣམས་ནི་གཅོག་བྱེད་ཅིང་། །
མདའ་མོས་དེ་དག་ཡོངས་སུ་འབིགས་པར་འགྱུར། །
སེང་གེ་ས་ལ་ཉལ་ཞིང་ཙོག་པུར་སྡོད་པ་དང་། །
མོ་སེང་ཇི་བཞིན་ཉལ་བ་སུ་ཡིས་དཀྲོག་ནུས་སམ། །
ཁྱེད་ལ་བྱིན་རླབས་གནང་མཁན་རྣམས་ལ་བྱིན་རླབས་འཐོབ་པ་དང་། །
ཁྱེད་ལ་དམོད་མོ་འདེབ་མཁན་རྣམས་ལ་དམོད་མོ་ཐེབས་གྱུར་ཅིག །
ཅེས་སྨྲས་སོ། །
10 པཱ་ལག་ནི་པེལ་ཨམ་ལ་ཁྲོས་ནས་ཐལ་མོ་བརྡབས་ཏེ་ན་རེ། ངའི་དགྲ་ཟླ་རྣམས་ལ་དམོད་པ་གཏོང་བའི་ཆེད་དུ་ཁྱེད་བོས་འོངས་པ་ཡིན་མོད། ལྟོས་དང་། ཁྱེད་ཀྱིས་ལན་གསུམ་དུ་དེ་དག་ལ་བྱིན་གྱིས་བརླབས་སོ། ། 11 ད་ནི་ཁྱེད་ཉིད་རང་ཡུལ་དུ་ཕྲོས་ཤིག ངས་ཁྱེད་ལ་གུས་པ་ཆེན་པོ་འཐོབ་པར་བྱ་བསམས་ནའང་། དཀོན་མཆོག་ཡ་ཝཱེས་ཁྱེད་ལ་གུས་པ་འཐོབ་པར་མ་མཛད་ཅེས་སྨྲས་པ་ན། 12 པེལ་ཨམ་གྱིས་པཱ་ལག་ལ། ངས་ཁྱོད་ཀྱིས་ངའི་རྩར་བཏང་བའི་བང་ཆེན་རྣམས་ལ། 13 པཱ་ལག་གིས་རང་གི་གསེར་དངུལ་ཁང་པ་གང་པོ་ང་ལ་བྱིན་ན་ཡང་། ངས་དཀོན་མཆོག་ཡ་ཝཱེའི་བཀའ་ལས་བརྒལ་ཏེ་རང་འདོད་ལྟར་བཟང་ངན་གྱི་ལས་གང་ཡང་བྱེད་མི་རུང་། དཀོན་མཆོག་ཡ་ཝཱེས་ཅི་ལྟར་གསུངས་པ་ཡིན་ན་ངས་དེ་ལྟར་བརྗོད་དགོས་ཞེས་སྨྲས་པ་མ་ཡིན་ནམ། 14 ད་ལྟ་ང་ནི་རང་གི་མི་མང་གི་རྩར་འགྲོ་བར་བྱ། ཤོག་དང་། ཕྱིས་སུ་མི་འདི་རྣམས་ཀྱིས་ཁྱོད་ཀྱི་མི་མང་ལ་ཅི་བྱེད་ངེས་པ་ངས་ཁྱོད་ལ་བསླབ་པར་བྱ་ཞེས་སྨྲས་སོ། །
པེལ་ཨམ་གྱི་ལུང་བསྟན་བཞི་པ།
15 དེ་ནས་ཁོས་རང་གི་ལུང་བསྟན་དབྱངས་ལ་གྱེར་ནས་འདི་ལྟར།
པེ་ཨོར་བུ་སྟེ་པེལ་ཨམ་ཁོ་ན་རེ། །
མིག་རྒྱང་རིང་བའི་མི་ཡིས་འདི་སྐད་སྨྲ། །
16 དཀོན་མཆོག་ཁོང་གི་བཀའ་ནི་ཐོས་འགྱུར་ཞིང་། །
བླ་མེད་ཉིད་ཀྱི་ཤེས་ཡོན་རྟོགས་པ་དང་། །
ཀུན་དབང་ཉིད་ཀྱི་ཞལ་གཟིགས་མཐོང་བ་དང་། །
ལུས་པོ་ས་རུ་འགྱེལ་ཞིང་མིག་ཟུང་ནི། །
ཕྱེས་པ་དེ་ཡིས་འདི་སྐད་སྨྲ་བར་འགྱུར། །
17 བདག་གིས་ཁོང་ཉིད་མཐོང་ཡང་ད་ལྟ་མིན། །
ང་ཡིས་ཁོང་ཉིད་མཇལ་ཡང་ཉེ་སར་མིན། །
ཡ་ཀོབ་ཁོང་ནས་སྐར་མ་ཞིག་ཐོན་ཞིང་། །
ཡེས་ར་ཨེལ་ལས་ཕྱག་འཁར་ཞིག་དར་ངེས། །
དེ་ཡིས་མོ་ཨབ་ཀྱི་ནི་དཔྲལ་བ་གཏོར། །
སེད་ཐུ་པ་རྣམས་མགོ་བོ་བརྫི་བར་འགྱུར། །
18 དེ་ཡིས་ཨེ་དོམ་རང་གི་དབང་དུ་བསྡུ་བ་དང་། །
དགྲ་བོའི་ཡུལ་ཏེ་སེ་ཨིར་ཡང་ནི་དབང་དུ་བསྡུ། །
ཡེས་ར་ཨེལ་པ་འབའ་ཞིག་སྟོབས་དང་ལྡན་པར་འགྱུར། །
19 དབང་སྒྱུར་པ་ཞིག་ཡ་ཀོབ་ནས་ཐོན་ཞིང་། །
གྲོང་ཁྱེར་ནང་གི་ལྷག་ལུས་རྣམས་འཇོམས་སོ། །
ཞེས་སྨྲས་སོ། །
པེལ་ཨམ་གྱི་ལུང་བསྟན་མཐའ་མ།
20 པེལ་ཨམ་གྱིས་ཨ་མཱད་ལེག་མཐོང་སྟེ་རང་གི་ལུང་བསྟན་དབྱངས་ལ་གྱེར་ནས་འདི་ལྟར།
ཨ་མཱད་ལེག་ནི་མི་རིགས་རྣམས་ཀྱི་ཐོག་མ་ཡིན། །
འོན་ཀྱང་མཐའ་མར་དེ་ནི་འཇིག་པར་འགྱུར་བ་འོ། །ཞེས་སྨྲས་སོ། །
21 ཡང་པེལ་ཨམ་གྱིས་ཀེ་ནེ་པ་རྣམས་མཐོང་སྟེ་རང་གི་ལུང་བསྟན་དབྱངས་ལ་གྱེར་ནས་འདི་ལྟར།
ཁྱོད་ཀྱི་སྡོད་གནས་སྲ་ཞིང་བརྟན་པ་དང་། །
ཁྱོད་ཀྱི་ཚང་ཡང་བྲག་གི་ངོས་སུ་ཡོད། །
22 འོན་ཀྱང་ཀེ་ནེ་མེ་ལ་འབར་བར་འགྱུར། །
ཨ་སུར་གྱིས་ཁྱོད་བཙོན་དུ་ནམ་ཁྲིད་དམ། །ཞེས་སྨྲས་སོ། །
23 པེལ་ཨམ་གྱིས་ཡང་རང་གི་ལུང་བསྟན་དབྱངས་ལ་གྱེར་ནས་འདི་ལྟར།
ཀྱེ་ཧོ་དཀོན་མཆོག་ཉིད་ཀྱིས་འདི་ལྟར་མཛད། །
སུ་ཞིག་གསོན་པོར་ལུས་པར་འགྱུར་བ་ཡིན། །
24 ཀི་ཐིམ་ཕྱོགས་ནས་གྲུ་གཟིངས་རྣམས་འོང་ཞིང་།
ཨ་སུར་ཨེ་བེར་གཉིས་ལ་མནར་གཅོད་གཏོང་། །
དེ་ནས་ཁོ་ཡང་འཇིག་པར་འགྱུར་བ་འོ། །ཞེས་སྨྲས་སོ། །
25 དེ་ནས་པེལ་ཨམ་ལངས་ནས་རང་ཡུལ་དུ་ལོག་པ་དང་། པཱ་ལག་ཀྱང་རང་གི་ལམ་དུ་ཞུགས་སོ། །