ལེའུ་གསུམ་པ།
ཨ་རོན་གྱི་བུ་རྒྱུད།
དེ་ཡང་དཀོན་མཆོག་ཡ་ཝཱེས་རི་བོ་སི་ནཱ་རུ་མོ་ཤེ་ལ་གསུང་གླེང་མཛད་པའི་དུས་སུ། ཨ་རོན་དང་མོ་ཤེ་གཉིས་ཀྱི་བུ་རབས་ཚ་རྒྱུད་ནི་འདི་ལྟ་སྟེ། ཨ་རོན་གྱི་བུ་རྣམས་ཀྱི་མིང་ནི་འདི་ལྟར། བུ་སྐྱེས་འགོ་ནཱ་དབ་དང་། ཨ་བི་ཧུ། ཨེ་ལི་ཨ་ཟར། ཨི་ཐ་མཱར་བཅས་སོ། ། དེ་ནི་ཨ་རོན་གྱི་བུ་རྣམས་ཀྱི་མིང་སྟེ། དེ་དག་ནི་སྣུམ་གྱིས་བྱུགས་པའི་མཆོད་དཔོན་རྣམས་ཡིན་ལ། མོ་ཤེ་ཡིས་དེ་རྣམས་ཞབས་ཏོག་སྒྲུབ་པའི་མཆོད་དཔོན་དུ་བསྐོས་པ་ཡིན། ནཱ་དབ་དང་ཨ་བི་ཧུ་གཉིས་ཀྱིས་སི་ནཱ་དབེན་སྟོང་དུ་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་བཀའ་འཁྲོལ་མེད་པའི་མེ་ཕུལ་བས་དེ་གཉིས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ཤི་བ་དང་བུ་ཡང་མེད་པའོ། །ཨེ་ལི་ཨ་ཟར་དང་ཨི་ཐ་མཱར་གཉིས་ཀྱིས་ཡབ་ཨ་རོན་གྱི་མདུན་དུ་མཆོད་དཔོན་གྱི་འགན་བླངས་སོ། །
ལེ་ཝི་པ་རྣམས་ལ་བསྒོས་པའི་བཀའ།
དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་ལེ་ཝི་ཚོ་པ་ཚུར་ཁྲིད་ནས། དེ་དག་མཆོད་དཔོན་ཨ་རོན་གྱི་མདུན་དུ་ལངས་ནས་དེ་ལ་ཞབས་ཕྱི་བསྒྲུབ་ཏུ་འཇུག་དགོས། དེ་དག་གིས་ཨ་རོན་དང་ཚོགས་ཡོངས་ཀྱི་ཚབ་ཏུ་མཇལ་འཕྲད་གུར་མཆོག་གི་མདུན་དུ་ལས་འགན་བསྲུང་ཞིང་། གུར་མཆོག་གི་ཕྱིར་ཞབས་ཏོག་བསྒྲུབ་དགོས་ལ། མཇལ་འཕྲད་གུར་མཆོག་གི་ཡོ་བྱད་ཐམས་ཅད་ལ་བདག་གཉེར་བྱེད་པ་དང་། ཡེས་ར་ཨེལ་པ་རྣམས་ཀྱི་ཚབ་ཏུ་ལས་འགན་བསྲུང་ཞིང་། གུར་མཆོག་གི་ཕྱིར་ཞབས་ཏོག་བསྒྲུབ་དགོས་སོ། ། ཁྱོད་ཀྱིས་ལེ་ཝི་པ་རྣམས་ཨ་རོན་དང་དེའི་བུ་རྣམས་ལ་སྤྲོད་དགོས། དེ་དག་ནི་ཡེས་ར་ཨེལ་པ་རྣམས་ལས་བདམས་ཏེ་ཡོངས་སུ་ཁོ་ལ་སྤྲོད་དགོས་པ་ཡིན་ནོ། ། 10 ཨ་རོན་དང་དེའི་བུ་རྣམས་ལ་མཆོད་དཔོན་གྱི་འགན་བསྲུང་བར་བཅོལ་དགོས། གལ་ཏེ་ཕྱི་མི་སུ་ཞིག་ཉེ་བར་འོངས་ན་དེ་གསོད་དགོས་ཞེས་བཀའ་བསྩལ་ཏོ། །
11 ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 12 ལྟོས་དང་། བདག་གིས་ཡེས་ར་ཨེལ་པ་རྣམས་ལས་མངལ་དང་པོ་སྟེ་བུ་སྐྱེས་འགོ་རྣམས་ཀྱི་ཚབ་བྱེད་དུ་ལེ་ཝི་པ་རྣམས་བདམས་པ་ཡིན་པས། ལེ་ཝི་པ་རྣམས་བདག་ལ་དབང་བའོ། ། 13 ཅིའི་ཕྱིར་ཞེ་ན། སྐྱེས་འགོ་ཐམས་ཅད་ངའི་ཡིན་ཏེ། བདག་གིས་ཨེ་ཅིབ་ཡུལ་ནས་སྐྱེས་འགོ་ཐམས་ཅད་བསད་པའི་ཉིན་དེར། ཡེས་ར་ཨེལ་གྱི་སྐྱེས་འགོ་རྣམས་ནི་མི་ཕྱུགས་གང་ཡིན་ཡང་ངའི་ཕྱིར་དུ་དམ་པར་བྱས་ཡོད། དེ་རྣམས་བདག་ལ་དབང་དགོས། བདག་ནི་ཡ་ཝཱེ་ཡིན་ཞེས་བཀའ་བསྩལ་ཏོ། །
14 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་སི་ནཱ་དབེན་སྟོང་དུ་མོ་ཤེ་ལ་འདི་སྐད་དུ། 15 ཁྱོད་ཀྱིས་ལེ་ཝི་པ་རྣམས་སོ་སོའི་ཕ་ཁྱིམ་དང་རུས་རྒྱུད་བཞིན་དུ་རྩིས་ལེན་དགོས་ཤིང་། ཟླ་བ་གཅིག་ཅན་དང་དེའི་ཡན་གྱི་ཕོ་ཐམས་ཅད་རྩིས་ལེན་དགོས་ཞེས་བཀའ་གནང་ངོ་། ། 16 དེ་ནས་མོ་ཤེ་ཡིས་དཀོན་མཆོག་ཡ་ཝཱེས་གནང་བའི་བཀའ་བཞིན་དུ། ལེ་ཝི་པ་རྣམས་རྩིས་བླངས་པ་དང་། 17 ལེ་ཝིའི་བུ་རྣམས་ཀྱི་མིང་ནི། གེར་ཤོན་དང་། ཀོ་ཧད། མཱ་རཱ་རེའེ་བཅས་སོ། ། 18 གེར་ཤོན་གྱི་བུ་རྣམས་ཀྱི་མིང་ནི་རང་རང་གི་རུས་རྒྱུད་བཞིན་དུ། ལིབ་ནིས་དང་ཤིམ་ཨི་ཡིན་ནོ། ། 19 ཀོ་ཧད་ཀྱི་བུ་རྣམས་ནི་རང་རང་གི་རུས་རྒྱུད་བཞིན་དུ། ཨམ་རམ་དང་། ཡེས་ཧར། ཧེབ་རོན། ཨུ་ཟི་ཨེལ་བཅས་སོ། ། 20 མཱ་རཱ་རེའེ་ཡི་བུ་རྣམས་ནི་རང་རང་གི་རུས་རྒྱུད་བཞིན་དུ། མཱ་ལི་དང་མུ་ཤི་ཡིན། འདི་དག་ནི་ཕ་ཁྱིམ་བཞིན་དུ་ཐམས་ཅད་ལེ་ཝི་པའི་རུས་རྒྱུད་ཡིན་ནོ། །
21 གེར་ཤོན་ལ་གཏོགས་པ་ནི་ལིབ་ནིས་པ་རྣམས་ཀྱི་ཁྱིམ་རྒྱུད་དང་ཤིམ་ཨི་པ་རྣམས་ཀྱི་ཁྱིམ་རྒྱུད་ཡིན་ལ། དེ་དག་ནི་གེར་ཤོན་པའི་ཁྱིམ་རྒྱུད་ཡིན། 22 ཟླ་བ་གཅིག་ཅན་དང་དེའི་ཡན་གྱི་ཕོ་ཐམས་ཅད་རྩིས་བླངས་པའི་གྲངས་ཀ་ནི་བསྡོམས་པས་བདུན་སྟོང་ལྔ་བརྒྱའོ། ། 23 གེར་ཤོན་པའི་ཁྱིམ་རྒྱུད་ཀྱིས་གུར་མཆོག་གི་རྒྱབ་སྟེ་ནུབ་ཕྱོགས་སུ་སྒར་འདེབས་དགོས། 24 གེར་ཤོན་པའི་ཁྱིམ་རྒྱུད་ཀྱི་འགོ་དཔོན་ནི་ལཱ་ཨེལ་གྱི་བུ་ཨེལ་ཡཱ་སབ་ཡིན་ནོ། ། 25 གེར་ཤོན་གྱི་བུ་རྒྱུད་རྣམས་ཀྱི་མཇལ་འཕྲད་གུར་མཆོག་ནང་གི་ལས་འགན་ནི་འདི་ལྟ་སྟེ། གུར་མཆོག་དང་དེའི་ཁེབས་རས་དང་། དེའི་ཐོག་ཁེབས་དང་། མཇལ་འཕྲད་གུར་མཆོག་གི་སྒོ་ཡོལ་དང་། 26 ཁྱམས་རའི་ཁྱམས་ཡོལ་རྣམས་དང་། གུར་མཆོག་དང་མཆོད་ཁྲི་བསྐོར་ནས་ཡོད་པའི་ཁྱམས་རའི་སྒོ་ཡོལ་དང་། ཁྱམས་རའི་ནང་དུ་བཀོལ་བའི་ཆོན་ཐག་བཅས་པ་དང་འབྲེལ་བའི་ལས་ཀ་ཐམས་ཅད་བསྒྲུབ་དགོས་པ་ཡིན་ནོ། །
27 ཀོ་ཧད་ལ་གཏོགས་པ་ནི་ཨམ་རཱམ་གྱི་ཁྱིམ་རྒྱུད་དང་། ཡེས་ཧར་གྱི་ཁྱིམ་རྒྱུད། ཧེབ་རོན་གྱི་ཁྱིམ་རྒྱུད། ཨུ་ཟི་ཨེལ་གྱི་ཁྱིམ་རྒྱུད་བཅས་ཡོད་ལ། དེ་དག་ནི་ཀོ་ཧད་པའི་ཁྱིམ་རྒྱུད་ཡིན། 28 ཟླ་བ་གཅིག་ཅན་དང་དེའི་ཡན་གྱི་ཕོ་ཐམས་ཅད་ཀྱི་གྲངས་ཀ་བཞིན་བསྡོམས་པས་བརྒྱད་སྟོང་དྲུག་བརྒྱ་ཡོད་པ་དང་། དེ་དག་གིས་གནས་མཆོག་སྲུང་བའི་ལས་འགན་བསྒྲུབ་དགོས། 29 ཀོ་ཧད་ཀྱི་བུ་རྒྱུད་རྣམས་ཀྱི་ཁྱིམ་རྒྱུད་ཀྱིས་གུར་མཆོག་གི་ལྷོ་ཕྱོགས་སུ་སྒར་འདེབས་དགོས། 30 ཀོ་ཧད་ཁྱིམ་རྒྱུད་ཀྱི་འགོ་དཔོན་ནི་ཨུ་ཟི་ཨེལ་གྱི་བུ་ཨེ་ལི་ཙ་ཕན་ཡིན། 31 དེ་དག་གི་ལས་འགན་ནི། ཤུར་སྒམ་དང་། སྒྲོག་ཙེ། སྒྲོན་སྟེགས། མཆོད་ཁྲི་གཉིས། གནས་མཆོག་ནང་དུ་བཀོལ་བའི་ཡོ་བྱད། ཡོལ་བ། གུར་མཆོག་ནང་དུ་བཀོལ་བ་ཐམས་ཅད་ལ་བདག་གཉེར་བྱེད་དགོས་པ་ཡིན་ནོ། ། 32 མཆོད་དཔོན་ཨ་རོན་གྱི་བུ་ཨེ་ལི་ཨ་ཟར་ནི་ལེ་ཝི་པའི་འགོ་དཔོན་རྣམས་ཀྱི་འགོ་དཔོན་ཡིན་པ་དང་། གནས་མཆོག་སྲུང་བའི་ལས་འགན་སྒྲུབ་མཁན་རྣམས་ལ་ལྟ་ཞིབ་བྱེད་དགོས་པའོ། །
33 མཱ་རཱ་རེའེ་ལ་གཏོགས་པ་ནི་མཱ་ལི་ཡི་ཁྱིམ་རྒྱུད་དང་། མུ་ཤི་ཡི་ཁྱིམ་རྒྱུད་བཅས་ཡོད་ལ། དེ་དག་ནི་མཱ་རཱ་རེའེ་ཡི་ཁྱིམ་རྒྱུད་ཡིན། 34 ཟླ་བ་གཅིག་ཅན་དང་དེའི་ཡན་གྱི་ཕོ་ཐམས་ཅད་རྩིས་བླངས་པའི་གྲངས་ཀ་ནི་བསྡོམས་པས་དྲུག་སྟོང་ཉིས་བརྒྱའོ། ། 35 མཱ་རཱ་རེའེ་ཡི་ཁྱིམ་རྒྱུད་གཉིས་ཀྱི་འགོ་དཔོན་ནི་ཨ་བི་ཧ་ཡིལ་གྱི་བུ་ཙུ་རེ་ཨེལ་ཡིན་ལ། དེ་དག་གིས་གུར་མཆོག་གི་བྱང་ཕྱོགས་སུ་སྒར་འདེབས་དགོས། 36 མཱ་རཱ་རེའེ་ཡི་བུ་རྒྱུད་རྣམས་ཀྱི་ལས་འགན་ནི་གུར་མཆོག་གི་པང་ལེབ་དང་། འཕྲེད་རྒྱུག ཀ་བ། ཞབས་ར། དེའི་ཡོ་བྱད་ཐམས་ཅད་བསྲུང་བ་དང་། དེ་དང་འབྲེལ་བའི་ལས་ཀ་ཐམས་ཅད་བསྒྲུབ་པ་དང་། 37 ཁྱམས་རའི་མཐའ་འཁོར་གྱི་ཀ་བ་དང་ཞབས་ར། ཕུར་བ། ཆོན་ཐག་བཅས་བསྲུང་རྒྱུ་དེའོ། །
38 གུར་མཆོག་མདུན་གྱི་ཤར་ཕྱོགས་ཏེ། མཇལ་འཕྲད་གུར་མཆོག་གི་མདུན་དུ་ཤར་ཕྱོགས་སུ་སྒར་འདེབས་མཁན་རྣམས་ནི། མོ་ཤེ་དང་། ཨ་རོན་དང་། ཨ་རོན་གྱི་བུ་རྣམས་ཡིན། དེ་དག་གིས་ཡེས་ར་ཨེལ་པ་རྣམས་ཀྱི་ཚབ་བྱས་ནས་གནས་མཆོག་སྲུང་བའི་འགན་འཁུར་དགོས་པ་དང་། ཕྱི་མི་སུ་ཞིག་ཉེ་བར་འོངས་ན་དེ་གསོད་དགོས་པ་ཡིན་ནོ། ། 39 མོ་ཤེ་དང་ཨ་རོན་གཉིས་ཀྱིས་དཀོན་མཆོག་ཡ་ཝཱེའི་བཀའ་བཞིན་དུ། ལེ་ཝི་པ་ཐམས་ཅད་རྩིས་བླངས་པ་དང་། རང་རང་གི་ཁྱིམ་རྒྱུད་བཞིན་དུ་ཟླ་བ་གཅིག་ཅན་དང་དེའི་ཡན་གྱི་ཕོ་རྣམས་རྩིས་བླངས་པའི་གྲངས་ཀ་ནི་བསྡོམས་པས་ཉིས་ཁྲི་ཉིས་སྟོང་ངོ་། །
40 དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཡེས་ར་ཨེལ་པ་རྣམས་ལས་སྐྱེས་འགོ་ཐམས་ཅད་དེ། ཟླ་བ་གཅིག་ཅན་དང་དེའི་ཡན་གྱི་ཕོ་རྣམས་རྩིས་བླངས་ནས་མིང་ཐོ་འབྲི་དགོས། 41 བདག་ནི་ཡ་ཝཱེ་ཡིན་ལ། ཁྱོད་ཀྱིས་ལེ་ཝི་པ་རྣམས་ནི་ཡེས་ར་ཨེལ་པ་རྣམས་ཀྱི་སྐྱེས་འགོ་དག་གི་ཚབ་བྱེད་དུ་བདག་ལ་དབང་བར་གྱིས། ལེ་ཝི་པ་རྣམས་ཀྱི་ཕྱུགས་ཟོག་ཀྱང་ཡེས་ར་ཨེལ་པ་རྣམས་ཀྱི་ཕྱུགས་ཟོག་གི་སྐྱེས་འགོ་ཐམས་ཅད་ཀྱི་ཚབ་བྱེད་དུ་བདག་ལ་དབང་བར་གྱིས་ཞེས་གསུངས་སོ། ། 42 དེར་བརྟེན་མོ་ཤེ་ཡིས་དཀོན་མཆོག་ཡ་ཝཱེས་ཁོ་ལ་བསྩལ་པའི་བཀའ་བཞིན་དུ། ཡེས་ར་ཨེལ་པ་རྣམས་ལས་སྐྱེས་འགོ་ཐམས་ཅད་རྩིས་བླངས་པ་དང་། 43 མིང་གི་གྲངས་ཀ་བཞིན་དུ་ཟླ་བ་གཅིག་ཅན་དང་དེའི་ཡན་གྱི་ཕོ་སྐྱེས་འགོ་ཐམས་ཅད་རྩིས་བླངས་པ་དང་། བསྡོམས་པས་ཉིས་ཁྲི་ཉིས་སྟོང་ཉིས་བརྒྱ་བདུན་ཅུ་དོན་གསུམ་ཡོད་པའོ། །
44 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 45 ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ཀྱི་སྐྱེས་འགོ་ཐམས་ཅད་ཀྱི་ཚབ་ཏུ་ལེ་ཝི་པ་རྣམས་འདེམས་དགོས་པ་དང་། ཡང་ཡེས་ར་ཨེལ་པ་རྣམས་ཀྱི་ཕྱུགས་ཟོག་གི་ཚབ་ཏུ་ལེ་ཝི་པ་རྣམས་ཀྱི་ཕྱུགས་ཟོག་འདེམས་དགོས། ལེ་ཝི་པ་རྣམས་བདག་ལ་དབང་སྟེ། བདག་ནི་ཡ་ཝཱེ་ཡིན་ནོ། ། 46 ལེ་ཝི་པའི་བསྡོམས་གྲངས་ལས་བརྒལ་བའི་མི་ཉིས་བརྒྱ་བདུན་ཅུ་དོན་གསུམ་ཏེ། ཡེས་ར་ཨེལ་པ་རྣམས་ཀྱི་བུ་སྐྱེས་འགོ་བླུ་དགོས་པ་རྣམས་ནི། 47 ཁྱོད་ཀྱིས་མི་རེ་ལས་དངུལ་སྲང་ལྔ་རེ་ལོངས་ཤིག གནས་མཆོག་གི་སྲང་བཞིན་དུ་དངུལ་སྲང་རེ་ལ་གཱེ་ར་ཉི་ཤུ་བརྩི་དགོས། 48 ཁྱོད་ཀྱིས་ཚད་ལས་བརྒལ་བའི་མི་གྲངས་ཀྱི་བླུ་རིན་དེ་ཨ་རོན་དང་དེའི་བུ་རྣམས་ལ་སྤྲོད་དགོས་ཞེས་བཀའ་བསྩལ་ཏོ། ། 49 དེ་ནས་མོ་ཤེ་ཡིས་ལེ་ཝི་པ་རྣམས་ཀྱིས་བླུས་ནས་ལྷག་པ་རྣམས་ལས་བླུ་རིན་བླངས་པ་དང་། 50 ཡེས་ར་ཨེལ་པ་རྣམས་ཀྱི་སྐྱེས་འགོ་རྣམས་ལས་བསྡུས་པའི་དངུལ་ནི་གནས་མཆོག་གི་སྲང་བཞིན་དུ། བསྡོམས་པས་དངུལ་སྲང་ཆིག་སྟོང་སུམ་བརྒྱ་དྲུག་ཅུ་རེ་ལྔ་ཡོད་པའོ། ། 51 མོ་ཤེ་ཡིས་དཀོན་མཆོག་ཡ་ཝཱེའི་བཀའ་བཞིན་དུ། བླུ་རིན་རྣམས་ཨ་རོན་དང་དེའི་བུ་རྣམས་ལ་སྤྲད་ཅིང་། དེ་ནི་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་གནང་བའི་བཀའ་བཞིན་དུའོ། །