ལེའུ་བཅུ་གསུམ༌པ།
ཤེས་ལྡན་བུ་ཡིས་ཕ་ཡི་ཞལ་གདམས༌ཉན། །འཕྱ་སྨོད་མཁན་གྱིས་བཀའ་བཀྱོན་སྣང་མེད༌བསྐྱུར།། མི་ཡིས་སྨྲ་སྒོའི་འབྲས་བུ་དེའི་རྐྱེན༌གྱིས། །རྫས་མཆོག་ལ་ནི་ཚིམ་པར་རོལ་བ༌དང༌། །གཡོ་སྒྱུ་ཅན་གྱི་འདོད་པ་གདུག་རྩུབ༌ཡིན།། སྨྲ་སྒོ་སྲུང་མཁན་གྱིས་ནི་རང་སྲོག༌སྲུང༌། །གང་བྱུང་སྨྲ་བས་རང་ཉིད་བརླག་པར༌འགྱུར།། ལེ་ལོ་ཅན་གྱིས་བརྔམས་ཀྱང་ཅང་མི༌འཐོབ། །ཧུར་བརྩོན་ཅན་ནི་ཡོངས་སུ་ཚིམ་པར༌འགྱུར།། དྲང་བདེན་མི་ནི་རྫུན་ལ་སྡང་བ༌དང༌། །ངན་པའི་ལས་ཀྱིས་སུན་སྣང་ངོ་ཚར༌སྦྱོར།། དྲང་བདེན་གྱིས་ནི་ཉེས་མེད་སྲུང་བ༌དང༌། །ངན་པས་སྡིག་ཅན་འགྱེལ་དུ་འཇུག་པ༌ཡིན།། གཅིག་གིས་ཅི་ཡང་མེད་ཀྱང་ཕྱུག་པོ་ཡིན་ཁུལ༌བྱེད། །གཅིག་ནི་རབ་ཏུ་ཕྱུག་ཀྱང་དབུལ་པོར་བརྫུས་པ༌འོ།། མི་ཡི་རྒྱུ་ནོར་སྲོག་གི་བླུ་རིན༌ཡིན། །དབུལ་པོས་འཇིགས་སྐུལ་ཚིག་ནི་ཐོས་པ༌མེད།། དྲང་པོའི་འོད་ཟེར་གསལ་ལེར་འཕྲོ་བ༌དང༌། །ངན་པའི་སྒྲོན་མེ་ཞི་བར་འགྱུར་བ༌འོ།། 10 ང་རྒྱལ་གྱིས་ནི་རྩོད་གླེང་སློང་བ༌དང༌། །གྲོས་ལ་ཉན་པར་ཤེས་རབ་ལྡན་པ༌ཡིན།། 11 སྐད་ཅིག་ཉིད་ལ་འབྱོར་བའི་རྒྱུ་ནོར༌ཟད། །རིམ་བཞིན་བསགས་པ་མང་དུ་འཕེལ་བར༌འགྱུར།། 12 རེ་ལྟོས་འགྱངས་ན་མི་ཡི་སྙིང་ལ༌གཟན། །བསམ་དོན་འགྲུབ་པ་སྲོག་གི་ལྗོན་ཤིང༌བཞིན།། 13 སློབ་སྟོན་ཁྱད་དུ་གསོད་པས་རང་ཉིད༌སྟོང༌། །བཀའ་རྒྱར་གུས་ཤིང་འཇིགས་པར་རྔན་པ༌འཐོབ།། 14 མཁས་པའི་སློབ་སྟོན་སྲོག་གི་ཆུ་མིག༌ཡིན། །འཆི་བའི་རྙི་ལས་ཐར་བར་མཛད་པ༌འོ།། 15 གོ་རྟོགས་ལེགས་པོས་ཐུགས་རྗེ་འཐོབ་པར༌བྱ། །གཡོ་སྒྱུ་ཅན་གྱི་བགྲོད་ལམ་ཀྱག་ཀྱོག༌ཡིན།། 16 མཛངས་པ་ཀུན་གྱིས་མཁས་པར་སྤྱོད་པ༌དང༌། །གླེན་པས་རང་གི་གླེན་རྟགས་ཕྱི་རུ༌འཕུད།། 17 བང་ཆེན་ངན་པ་ཆག་སྒོའི་ནང་དུ༌ལྟུང༌། །སྐུ་ཚབ་བློ་དཀར་གྱིས་ནི་གསོ་བར༌མཛད།། 18 ཁ་ཏ་སྣང་མེད་བསྐྱུར་བ་དབུལ་ཞིང༌ནོངས། །བཀའ་བཀྱོན་གཙིགས་སུ་འཛིན་པར་བཀུར་སྟི༌འཐོབ།། 19 བསམ་དོན་འགྲུབ་ན་སེམས་པ་མངར་མོ༌ཡིན། །གླེན་པ་ངན་དང་འབྲལ་བར་ཞེ་ལོག༌གོ། 20 མཁས་པ་མཉམ་དུ་སྐྱོད་ན་མཁས་པར༌འགྱུར། །གླེན་པའི་འགྲོགས་ཡ་བྱས་ན་གྱོང་གུད༌ཐེབས།། 21 སྡིག་ཅན་རྗེས་སུ་ཆག་སྒོ་ར་མདར༌རྒྱུག །དྲང་བདེན་མི་ལ་རྔན་པ་ལེགས་པོ༌འཐོབ།། 22 བཟང་པོས་བུ་རྒྱུད་ལ་ནི་ནོར་སྐལ༌འཇོག །སྡིག་ཅན་རྒྱུ་ནོར་དྲང་པོའི་ཆེད་དུ༌བསགས།། 23 དབུལ་པོའི་ཞིང་སར་ཁ་ཟས་འབོར་ཆེན༌ཐོན། །དྲང་གཞག་མིན་པས་ཐམས་ཅད་བརླག་པ༌ཡིན།། 24 དབྱུག་པས་མི་རྡུང་བུ་ལ་སྡང་བ༌ཡིན། །བུ་ལ་གཅེས་ན་དེ་ནི་འབད་པས༌འཇུན།། 25 དྲང་པོས་ཡིད་སེམས་ཚིམ་པར་ཁ་ཟས༌སྤྱོད། །ངན་པའི་གྲོད་པ་སྟོང་བར་ལུས་པ༌འོ།།