ལེའུ་བཅོ་བརྒྱད༌པ།
1 ཁེར་རྐྱང་སྡོད་པས་རང་གི་འདོད་པ༌བསྙེག །དེ་ཡིས་ཤེས་རབ་ཀུན་ལ་འགོག་རྒོལ༌བྱ།།
2 གླེན་པ་གོ་བ་ལོན་པར་མི་དགའ༌ཞིང༌། །རང་གི་བསམ་དོན་བརྗོད་པ་ཁོ་ནར༌སྤྲོ།།
3 ངན་པ་སླེབ་སར་འཕྱ་སྨོད་ཀྱང་ནི༌སླེབ། །ངོ་ཚ་དང་བཅས་ཞབས་འདྲེན་འབྱུང་བ༌ཡིན།།
4 མི་ཁའི་གཏམ་ནི་གཏིང་ཟབ་ཆུ་དང༌འདྲ། །ཤེས་རབ་ཆུ་མིག་བཞུར་རྒྱུན་རིང་མོ༌ཡིན།།
5 ཁྲིམས་ཐག་གཅོད་དུས་ངན་པའི་ཕྱོགས་ལངས༌དང༌། །དྲང་པོར་མ་ཉེས་ཁ་གཡོགས་བྱེད་པ༌ཐན།།
6 གླེན་པའི་མཆུ་ཡིས་རྩོད་གཞི་སློང་བ༌དང༌། །དེ་ཡི་སྨྲ་སྒོས་རྡུང་རྡེག་ཉོ་བར༌འགྱུར།།
7 གླེན་པའི་ཁ་ཡིས་རང་ཉིད་འཕུང་བྱེད༌ཅིང༌། །དེ་ཡི་མཆུ་སྒྲོས་སྲོག་གི་རྙི་རྒྱ༌ཡིན།།
8 ཕྲ་མ་བྱེད་པའི་མི་ཡི་སྨྲ་བརྗོད༌ནི། །ཟས་མཆོག་བཞིན་དུ་གྲོད་པའི་ཕུགས་སུ༌འཇུག།
9 ལས་ཀའི་དུས་སུ་ལེ་ལོ་བྱེད་པ༌ནི། །རྩ་མེད་གཏོང་བའི་སྤུན་ཟླ་ཤ་སྟག༌གོ།
10 ཡ་ཝཱེའི་མཚན་ནི་ལྕོག་མཁར་བརྟན་པོ༌ཡིན། །དྲང་པོ་དེ་རུ་བརྒྱུགས་ཤིང་བདེ་བར༌གནས།།
11 ཕྱུག་པོའི་རྒྱུ་ནོར་དེ་ཡི་མཁར་རྫོང༌ཡིན། །དེ་ཚོའི་བསམ་པར་ལྕགས་རི་ལྟར་དུ༌སྣང༌།།
12 མ་འཕུང་གོང་དུ་མི་ཡིས་ཁེངས་དྲེགས༌བྱེད། །བཀུར་སྟིའི་སྔོན་དུ་ཁེངས་སྐྱུང་བསྐྱེད་པ༌ཡིན།།
13 མ་ཉན་གོང་ལ་གཏམ་ལན་འདེབས་པ༌ནི། །བླུན་རྨོངས་དང་ནི་ངོ་ཚའི་རྒྱུ་ཡིན༌ནོ།།
14 མི་ཡི་སེམས་ཀྱིས་ན་ཚ་བཟོད་ཐུབ༌ཀྱང༌། །ཡིད་སེམས་གདུང་བ་སུ་ཡིས་བསྲན་ནུས༌སམ།།
15 བློ་རིག་ཅན་གྱི་སེམས་ལ་ཤེས་ཡོན༌འཐོབ། །མཁས་པའི་སྙན་གྱིས་ཤེས་ཡོན་འཚོལ་བར༌བྱེད།།
16 ལག་རྟགས་ཀྱིས་ནི་མི་ལ་ལམ་འབྱེད༌ཅིང༌། །མི་ཆེན་རྣམས་ཀྱི་དྲུང་དུ་འདྲེན་བྱེད༌དོ།།
17 སྔོན་དུ་རྒྱུ་མཚན་སྨྲ་བར་གནས་ལུགས༌ལྡན། །མི་གཞན་སླེབ་དུས་ད་གཟོད་དོན་དངོས༌རྙེད།།
18 རྟགས་རིལ་གྱིས་ནི་འཁྲུག་རྩོད་ཞི་བར༌བྱ། །གྱོད་ཡ་སྟོབས་ཅན་སོ་སོར་འཕྲལ་བར༌བྱ།།
19 ཁོང་ཁྲོ་བསླངས་པའི་སྤུན་ཟླ་སྡུམ་པ༌ནི། །མཁར་རྫོང་ལེན་པ་ལས་ཀྱང་དཀའ་བ༌དང༌། །རྩོད་གཞི་དེ་འདྲ་བཙན་རྫོང་སྒོ་གཏན༌བཞིན།།
20 མི་ཡི་ཁ་ནས་ཐོགས་པའི་འབྲས་བུ༌ཡིས། །རང་གི་གྲོད་པ་འགྲང་བར་བྱེད་པ༌དང༌། །ཁ་ནས་ཅི་ཞིག་ཐོན་པས་རང་ཉིད༌ཚིམ།།
21 ཤི་གསོན་གཉིས་ནི་ལྕེ་ཡི་དབང་འོག༌ཏུ། །དབང་དེར་དགའ་བ་འབྲས་བུ་རང་ལ༌འཁོར།།
22 ཆུང་མ་རྙེད་ན་བདེ་སྐྱིད༌རག །དེ་ལ་ཡ་ཝཱེའི་ཐུགས་རྗེ༌ཐོབ།།
23 དབུལ་པོས་བཀའ་དྲིན་འཐོབ་པར་ཞུ་བ༌འབུལ། །ཕྱུག་པོས་རྩུབ་མོ་ཚིག་གིས་ལན་སྨྲ༌འོ།།
24 མཛའ་གྲོགས་མང་ཡང་མཐར་མཇུག་འཕུང་བར༌འགྱུར། །གྲོགས་མཆོག་གཅིག་རང་ཡོད་པ་སྤུན་ལས༌ཉེ།།