ལེའུ་གཉིས༌པ།
ཤེས་རབ་ཀྱི་གནང༌སྦྱིན།
ཀྱེ་ཀྱེ་བདག་གི་བུ་ལགས་ཁྱོད་ཀྱིས༌ནི། །ཅི་སྟེ་བདག་གི་ཚིག་རྣམས་དང་བླངས༌ཏེ། །བཀའ་རྒྱ་རྣམས་ནི་སེམས་སུ་འཛིན་པ༌དང༌།། རྣ་བ་བླགས་ཏེ་ཤེས་རབ་ལ་མཉན༌ཞིང༌། །བློ་དང་རིག་པ་འཚོལ་བར་གཞོལ་བ༌དང༌།། རྣམ་དཔྱོད་འཚོལ་ཕྱིར་འབོད་པ་དང་། །བློ་གྲོས་ཕྱིར་ནི་སྐད་བཏོན་ཏེ།། དངུལ་ནི་འཚོལ་བ་བཞིན་དུ་དེ་འཚོལ༌ཞིང༌། །རིན་ཆེན་གཏེར་བཞིན་དེ་ནི་བསྔོག་གྱུར༌ན།། ཁྱོད་ཀྱིས་ཡ་ཝཱེར་གུས་ཤིང་འཇིགས་པ༌རྟོགས། །དཀོན་མཆོག་ཁོང་ཉིད་ཤེས་པར་འགྱུར་བ༌འོ།། དེ་ནི་ཅིའི་ཕྱིར་ཡིན་ཞེ༌ན། །ཡ་ཝཱེས་ཤེས་རབ་གནང་བ༌དང༌། །ཤེས་བྱ་དང་ནི་བློ་གྲོས༌ཀུན། །ཁོང་གི་ཞལ་ལས་ཐོན་ཕྱིར༌རོ།། དྲང་པོའི་དོན་དུ་ཤེས་རབ་གཅེས་ཉར༌མཛད། །སྤྱོད་བཟང་ཅན་གྱི་ཕུབ་ཀྱང་ཁོང་ཉིད༌ཡིན།། དྲང་གཞག་བགྲོད་ལམ་བསྲུང་ཞིང་སྐྱོབ་པ༌དང༌། །དད་གུས་ལྡན་པའི་ལམ་ནི་བསྲུང་བར༌མཛད།། དེ་ནས་དྲང་བདེན་དྲང་གཞག་གཟུ་བོ༌དང༌། །ལམ་བཟང་མཐའ་དག་ཁྱོད་ཀྱིས་རྟོགས་འགྱུར༌ཏེ།། 10 ཤེས་རབ་ཁྱོད་ཀྱི་སེམས་སུ་ཞུགས་པ༌དང༌། །ཤེས་བྱས་ཁྱོད་ཀྱི་སེམས་ནི་སྐྱིད་པར༌བྱ།། 11 ཤན་འབྱེད་ནུས་པས་ཁྱོད་རང་བསྲུང་བ༌དང༌། །བློ་གྲོས་ཀྱིས་ནི་ཁྱོད་ལ་གཟིགས་སྐྱོང༌མཛད།། 12 ཁྱོད་རང་ངན་པའི་ལམ་ནས་སྐྱོབ་པ༌དང༌། །ཁུངས་མེད་འཆལ་གཏམ་སྨྲ་མཁན་མི་རྣམས༌ལས། །ཐར་བར་མཛད་པའི་ཆེད་དུ་ཡིན་ལགས༌ཤིང༌།། 13 དེ་རྣམས་དྲང་པོའི་ལམ་འདོར༌ཞིང༌། །མུན་ནག་ལམ་དུ་ཞུགས་པ༌འོ།། 14 དེ་དག་ངན་པ་བྱེད་པར་ཡིད་མོས༌ཤིང༌། །ངན་པའི་ནོར་འཛོལ་ལ་ཡང་དགའ་བ༌ཡིན།། 15 དེ་དག་འགྲོ་བའི་ལམ་ནི་འཁྱོག་པོ༌དང༌། །བགྲོད་པའི་ལམ་ཡང་ལོག་པའི་ལམ་ཡིན༌ནོ།། 16 ཤེས་རབ་ཀྱིས་ནི་ཁྱོད་རང་བྱི་མོ༌དང༌། །གཡོ་ཟོལ་བསླུ་བྲིད་ཚིག་རྣམས་སྨྲ་བ༌ཡི། །སྨད་འཚོང་མ་ལས་སྐྱོབ་ཅིང་ཐར་བར༌མཛད།། 17 དེ་ཚོས་རང་ཉིད་ན་གཞོན་ཡིན་དུས༌ཀྱི། །བཟའ་ཟླ་སྤང་བར་བྱས་ཤིང་དཀོན་མཆོག༌གི །ཞལ་ཆད་ཀྱང་ནི་བརྗེད་པར་གྱུར་པ༌འོ།། 18 དེ་ནི་གང་གི་ཕྱིར་དུ་ཡིན་ཞེ༌ན། །ཁོ་མོའི་ཁྱིམ་ནི་འཆི་བའི་གནས་སུ༌ལྷུང༌། །ཁོ་མོའི་ལམ་ནི་གཤིན་པོའི་ཡུལ་དུ༌ཕྱོགས།། 19 ཁོ་མོའི་གམ་དུ་ཕྱིན་པ༌ཀུན། །ཕྱིར་ལོག་འོང་བ་སུ་ཡང༌མེད། །སྲོག་གི་ལམ་ཡང་ཐོབ་པ༌མེད།། 20 དེ་བས་ཁྱོད་ཀྱི་བགྲོད་ལམ༌ནི། །བཟང་པོའི་ལམ་ལ་བསྐྱོད་དགོས༌ཤིང༌། །དྲང་བདེན་ལམ་དང་མ་འབྲལ༌ཞིག། 21 གང་ལ་ཞེ་ན་གཟུ་བོ༌རྣམས། །ཡུལ་འདིར་བདེ་བར་གནས་པ༌དང༌། །ཕུལ་དུ་བྱུང་བའི་མི་རྣམས༌ནི། །འདི་ཡི་སྟེང་དུ་སྡོད་པར༌འགྱུར།། 22 མི་ངན་ཡུལ་འདིར་འཕྲལ་བྱེད༌ཅིང༌། །གཡོ་སྒྱུའི་སྦྱོར་བ་སྤེལ་མཁན༌ནི། །འདི་ལས་རྩ་མེད་གཏོང་ཕྱིར༌རོ།།