གསུང་མགུར་དོན་གཅིག༌པ།
བགྲེས་པོའི་གསོལ་འདེབས།
1 ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ལ་སྐྱབས་སུ༌བཅོལ། །ང་རང་ནམ་ཡང་ངོ་ཚར་མི་སྦྱོར༌རོགས།།
2 ཁྱེད་ཀྱི་དྲང་བདེན་ངང་ནས་སྐྱོབ་ཅིང༌སྒྲོལ། །སྙན་གྱིས་གསན་ཞིང་ང་རང་ཐར་བར༌མཛོད།།
3 རྟག་ཏུ་གཡོལ་སའི་བྲག་ཏུ་ཁྱེད་གྱུར༌ཅིག །བདག་གི་བྲག་དང་བཙན་རྫོང་ཁྱེད་ལགས༌པས། །ཁྱེད་ཀྱིས་ང་རང་སྐྱོབ་པའི་བཀའ་གནང༌ངོ༌།།
4 ཀྱེ་ཀྱེ་དཀོན་མཆོག་སྡིག་སྤྱོད་ལག་པ༌དང༌། །མི་ངན་དང་ནི་གདུག་རྩུབ་ཅན་རྣམས༌ཀྱི། །སྦར་མོ་ལས་ང་སྐྱོབ་པར་མཛོད་ཅིག༌གུ།
5 གཙོ་བོ་ཡ་ཝཱེ་ཁྱེད་ངའི་རེ་བ༌དང༌། །ཆུང་ངུའི་དུས་ནས་བློ་གཏད་བཅོལ་ས༌ཡིན།།
6 སྐྱེས་པའི་ཚུན་ནས་ང་རང་ཁྱེད་ལ༌བརྟེན། །མ་ཡི་མངལ་ལས་ཁྱེད་ཀྱིས་ང་ཕྱུང༌བས། །བདག་གིས་དུས་རྒྱུན་ཁྱེད་ལ་བསྟོད་པར༌བྱ།།
7 མང་པོས་ང་རང་ཡ་མ་གཟུགས་སུ༌མཐོང༌། །འོན་ཀྱང་ཁྱེད་ངའི་སྐྱབས་གནས་བརྟན་པོ༌ཡིན།།
8 བདག་གི་སྨྲ་སྒོས་ནམ་ཡང་ཁྱེད་ལ༌བསྟོད། །ཉིན་གང་ཁྱེད་ཀྱི་གཟི་དཔལ་བརྗོད་པར༌བྱ།།
9 རྒས་པའི་དུས་སུ་ང་རང་མི་བསྐྱུར༌རོགས། །སྟོབས་ཤུགས་ཉམས་དུས་སྤང་བར་མི༌བྱའོ།།
10 ཅི་ལ་ཞེ་ན་དགྲ་ཡིས་ངའི་སྐོར༌གླེང༌། །ང་རང་གསོད་པར་འཇབ་མཁན་གྲོས་བྱས༌ནས།།
11 དཀོན་མཆོག་ཉིད་ཀྱིས་ཁོ་ནི་སྤངས་པ༌དང༌། །ཁོ་རང་སྐྱོབ་མཁན་སུ་ཡང་མེད་པས༌ན། །ང་ཚོས་ཁོ་རང་དེད་ནས་གཟུང་ཞེས༌སྨྲ།།
12 ཀྱེ་ཀྱེ་དཀོན་མཆོག་ང་དང་རིང་མ༌གྱེས། །ང་ཡི་དཀོན་མཆོག་མགྱོགས་པོར་སྐྱབས་སུ༌ཕེབས།།
13 ང་ལ་ནག་ཉེས་འཛུགས་པའི་མི་རྣམས༌ནི། །ཐམས་ཅད་སྐྱེངས་ཤིང་རྩ་མེད་འགྲོ་བར༌ཤོག །ང་ལ་གནོད་འཚེ་བྱེད་པར་འདོད་པ༌རྣམས། །འཕྱ་དམོད་དང་ནི་དམའ་འབེབས་ཕོག་གྱུར༌ཅིག །
14 འོན་ཀྱང་ང་ཡིས་དུས་རྒྱུན་ཁྱེད་ལ༌རེ། །ཁྱེད་ལ་བསྟོད་པ་མང་དུ་འབུལ་བར༌བྱ།།
15 ཁྱེད་ཀྱི་དྲང་བ་ཉིད་དང་སྐྱབས་མཛད༌པའི། །གྲངས་ཀ་བདག་གིས་བརྗོད་པར་མི་ནུས༌ཀྱང༌། །བདག་གི་སྨྲ་སྒོས་ཉིན་གང་དེ་རྣམས༌བརྗོད།།
16 གཙོ་བོ་ཡ་ཝཱེའི་མཛད་པ་སྟོབས་ལྡན༌རྣམས། །བདག་གིས་བརྗོད་པར་བྱ་ཞིང་ཁྱེད་གཅིག༌པུའི། །དྲང་བ་ཉིད་ཀྱི་སྐོར་ཡང་གླེང་བར༌བྱ།།
17 ང་རང་ལོ་ན་ཕྲ་བའི་དུས་ནས༌བཟུང༌། །དཀོན་མཆོག་ཁྱེད་ཀྱིས་ང་ལ་སློབ་སྟོན༌གནང༌། །ང་ཡིས་ད་ལྟའི་བར་དུ་ཁྱེད་ཉིད༌ཀྱི། །མཛད་པ་ངོ་མཚར་ཅན་རྣམས་སྒྲོག༌པ་འོ།།
18 མི་རབས་རྗེས་མར་ཁྱེད་ཀྱི་ནུས་མཐུ༌དང༌། །ཕྱིས་འབྱུང་ཀུན་ལ་ཁྱེད་སྟོབས་སྟོན་པའི༌ཕྱིར། །ང་རང་རྒས་ཤིང་མགོ་དཀར་ཡིན་དུས༌སུ། །དཀོན་མཆོག་ཁྱེད་ཀྱིས་ང་ནི་མི་སྤང༌རོགས།།
19 དཀོན་མཆོག་ཁྱེད་ཀྱི་དྲང་བདེན་ནམ་མཁར༌སླེབས། །ཁྱེད་ཀྱིས་འཕྲིན་ལས་ཆེན་པོ་རྣམས་མཛད༌ཅིང༌། །ཀྱེ་ཀྱེ་དཀོན་མཆོག་ཁྱེད་འདྲ་སུ་ཡོད༌དམ།།
20 ང་རང་སྡུག་བསྔལ་གང་མང་བརྒྱུད་པར༌མཛད། །ཁྱེད་ཀྱིས་ང་ནི་སླར་ཡང་གསོན་པར༌མཛད། །ས་གཞིའི་གཏིང་ནས་ང་རང་སྐྱོབ་པར༌འགྱུར།།
21 བདག་གི་ཆེ་བ་ཁྱེད་ཀྱིས་སྤེལ་བར༌མཛོད། །ངའི་ཕྱོགས་འཁོར་ནས་སླར་ཡང་སེམས་གསོ༌གནོངས།།
22 ཀྱེ་ཀྱེ་དཀོན་མཆོག་བདག་གིས་རྒྱུད་མངས༌ཀྱིས། །ཁྱེད་ཀྱི་བདེན་པ་ཉིད་ལ་བསྟོད་པར༌བྱ། །ཀྱེ་ཀྱེ་ཡེས་ར་ཨེལ་གྱི་དམ་པ༌ཉིད། །པི་ཝང་དཀྲོལ་ནས་ཁྱེད་ལ་བསྟོད་དབྱངས༌འབུལ།།
23 ཁྱེད་ལ་བསྟོད་དབྱངས་འབུལ་བའི་དུས་དེ༌ལ། །བདག་གི་མཆུ་ཡིས་དགའ་སྤྲོའི་ཀི་སྒྲ༌སྒྲོག །ངའི་སེམས་ཁྱེད་ཀྱིས་བླུས་པ་རབ་ཏུ༌དགའ།།
24 ང་ལ་གནོད་འཚེ་གཏོང་བར་འདོད་པ༌རྣམས། །ངོ་ཚར་སྦྱར་ཅིང་ཕམ་པར་གྱུར་པས༌ན། །བདག་གི་ལྕེ་ཡིས་ཉིན་གང་ཁྱེད་ཉིད༌ཀྱི། །དྲང་བ་ཉིད་ཀྱི་སྐོར་ནི་གླེང་བར༌བྱ།།