ལེའུ་བཅོ་བརྒྱད་པ།
ཡ་ཝཱེས་དཱ་བིད་རྒྱལ་བར་མཛད་པ།
དེའི་རྗེས་སུ་དཱ་བིད་ཀྱིས་ཕེ་ལེ་ཤེད་པ་རྣམས་དང་འཐབ་ནས་དེ་རྣམས་དབང་དུ་བསྡུས་པ་དང་། གཱད་དང་དེའི་གྲོང་ཚོ་དག་ཕེ་ལེ་ཤེད་པའི་ལག་ནས་བླངས། ཡང་མོ་ཨབ་པ་རྣམས་ཕམ་པར་བརྒྱབ་ནས། མོ་ཨབ་པ་རྣམས་དཱ་བིད་ཀྱི་མངའ་འོག་ཏུ་གྱུར་ཏེ་འབུལ་བ་རྣམས་དྲངས་སོ། ། ཡང་ཙོ་བཱ་ཡི་རྒྱལ་པོ་ཧ་དད་ཨི་སེར་ཞེས་པ་ཕི་རཱད་ཆུ་བོའི་ཕྱོགས་སུ་རང་གི་རྒྱལ་སྲིད་བརྟན་པོར་འཛུགས་པར་འགྲོ་སྐབས་སུ། དཱ་བིད་ཀྱིས་དེ་ཡང་ཧ་མཱད་ཡུལ་གྱི་བར་དུ་དམག་བརྒྱབ་པ་དང་། དཱ་བིད་ཀྱིས་དེ་ལས་ཤིང་རྟ་ཆིག་སྟོང་དང་། སྐྱ་དམག་བདུན་སྟོང་དང་། རྐང་དམག་ཉིས་ཁྲི་བཅས་ཕྲོགས་ཏེ། ཤིང་རྟ་ཐམས་ཅད་ཀྱི་རྟ་ཡི་རྐང་རྒྱུས་བཅད་དེ་ཤིང་རྟ་བརྒྱ་ཡི་རྟ་འབའ་ཞིག་བཞག་གོ ། དཱ་མེ་སེག་གི་ཨ་རམ་པ་རྣམས་ཙོ་བཱ་ཡི་རྒྱལ་པོ་ཧ་དད་ཨི་སེར་ལ་རོགས་བྱེད་དུ་འོངས་པ་ལ། དཱ་བིད་ཀྱིས་ཨ་རམ་པའི་མི་ཉིས་ཁྲི་ཉིས་སྟོང་བསད་དོ། ། དེ་ནས་དཱ་བིད་ཀྱིས་དཱ་མེ་སེག་གི་ཨ་རམ་ཡུལ་དུ་སྲུང་དམག་བཞག་པ་དང་། ཨ་རམ་པ་རྣམས་དཱ་བིད་ཀྱི་མངའ་འོག་ཏུ་གྱུར་ཏེ་འབུལ་བ་རྣམས་དྲངས་ཤིང་། དཱ་བིད་གང་དུ་སོང་ན་ཡང་དཀོན་མཆོག་ཡ་ཝཱེས་དེ་ལ་རྒྱལ་ཁ་གནང་ངོ་། ། དཱ་བིད་ཀྱིས་ཧ་དད་ཨི་སེར་གྱི་བློན་འཁོར་རྣམས་ལ་ཡོད་པའི་གསེར་གྱི་ཕུབ་ཐམས་ཅད་ཕྲོགས་ནས་ཡེ་རུ་སཱ་ལེམ་དུ་ཁྱེར། ཡང་དཱ་བིད་ཀྱིས་ཧ་དད་ཨི་སེར་གྱི་གྲོང་ཁྱེར་ཏིབ་ཧད་དང་ཀུན་བྱ་བ་གཉིས་ལས་ལི་དཔག་མེད་ཕྲོགས་པ་དང་། སོ་ལོ་མོན་གྱིས་ཕྱིས་སུ་ལི་དེ་དག་གིས་རྒྱ་མཚོ་དང་ཀ་བ། ཡོ་བྱད་བཅས་བཟོས་པའོ། ། ཧ་མཱད་ཀྱི་རྒྱལ་པོ་ཐོ་ཨུ་ཞེས་པ་དེས། དཱ་བིད་ཀྱིས་ཙོ་བཱ་ཡི་རྒྱལ་པོ་ཧ་དད་ཨི་སེར་གྱི་དམག་དཔུང་ཐམས་ཅད་ཕམ་པར་བརྒྱབ་པ་ཐོས་པས། 10 དེས་རང་གི་སྲས་ཧ་དོ་རམ་བྱ་བ་དེ་རྒྱལ་པོ་དཱ་བིད་ཀྱི་དྲུང་དུ་ཁོང་ལ་ཁམས་འདྲི་དང་ཤིས་པ་བརྗོད་དུ་བཏང་ངོ་། །ཅི་ལ་ཞེ་ན། དཱ་བིད་ཀྱིས་ཧ་དད་ཨི་སེར་ལ་དམག་བརྒྱབ་ནས་དེ་ཕམ་པར་བྱས་པས་སོ། །མ་གཞི་ཐོ་ཨུ་དང་ཧ་དད་ཨི་སེར་གཉིས་ཀྱི་བར་ལ་དུས་རྒྱུན་དུ་འཐབ་མོ་ཡོད་པ་རེད། ཧ་དོ་རམ་གྱིས་གསེར་དང་དངུལ་དང་ལི་བཅས་ཀྱི་སྣོད་ཆས་སྣ་ཚོགས་བསྐྱལ་ནས་འོངས། 11 རྒྱལ་པོ་དཱ་བིད་ཀྱིས་སྣོད་ཆས་དེ་རྣམས་དང་ཡང་རྒྱལ་ཁམས་སོ་སོ་སྟེ་ཨེ་དོམ་དང་། མོ་ཨབ། ཨམ་མོན་པ། ཕེ་ལེ་ཤེད་པ། ཨ་མཱད་ལེག་པ་བཅས་ལས་ཕྲོགས་པའི་གསེར་དངུལ་ཐམས་ཅད་དམ་པར་བྱས་ནས་དཀོན་མཆོག་ཡ་ཝཱེ་ལ་ཕུལ་ཏོ། ། 12 ཡང་ཟེ་རུ་ཡཱ་ཡི་བུ་ཨ་བི་ཤཱ་ཨི་ཡིས་ཚྭའི་ལུང་པ་རུ་ཨེ་དོམ་པ་ཆིག་ཁྲི་བརྒྱད་སྟོང་བསད་པ་དང་། 13 དེ་ནས་དཱ་བིད་ཀྱིས་ཨེ་དོམ་ཡུལ་དུ་སྲུང་དམག་བཞག་སྟེ། ཨེ་དོམ་ཡུལ་སྲུང་དམག་གིས་ཁྱབ་པས། ཨེ་དོམ་པ་རྣམས་དཱ་བིད་ཀྱི་མངའ་འོག་ཏུ་གྱུར། ཡང་དཱ་བིད་ཡུལ་གང་དུ་སོང་ན་ཡང་དཀོན་མཆོག་ཡ་ཝཱེས་ཁོང་ལ་རྒྱལ་ཁ་གནང་ངོ་། །
དཱ་བིད་ཀྱི་བློན་ཆེན་རྣམས་ཀྱི་མིང་ཐོ།
14 དཱ་བིད་ཀྱིས་ཡེས་ར་ཨེལ་ཡུལ་ཐམས་ཅད་ལ་མངའ་མཛད་དེ། རང་གི་མི་མང་ཡོངས་ལ་འདྲ་མཉམ་དྲང་གཞག་གི་ལྟ་སྟངས་བཟུང་བའོ། ། 15 དམག་ཚོགས་ཀྱི་འགོ་དཔོན་དུ་ཟེ་རུ་ཡཱ་ཡི་བུ་ཡོ་ཨབ་དང་ལོ་རྒྱུས་འགོད་མཁན་དུ་ཨ་ཧི་ལུད་ཀྱི་བུ་ཡེ་ཧོ་ཤ་ཕད། 16 ཨ་ཧི་ཏུབ་ཀྱི་བུ་ཟཱ་ཏོག་དང་ཨབ་ཡཱ་ཐར་གྱི་བུ་ཨ་བི་མེ་ལེག་ནི་མཆོད་དཔོན་དང་། ཤབ་ཤཱ་ནི་དྲུང་ཡིག་དང་། 17 ཡེ་ཧོ་ཡ་དཱ་ཡི་བུ་པེ་ནཱ་ཡ་ནི་ཀེ་རེད་པ་དང་ཕེ་ལེད་པ་རྣམས་ཀྱི་འགོ་དཔོན་དང་། དཱ་བིད་ཀྱི་སྲས་རྣམས་རྒྱལ་པོའི་གཡས་གཡོན་དུ་བཀའ་བློན་དུ་བཞག་གོ །