ལེའུ་ཉི་ཤུ་པ།
དཱ་བིད་ཀྱིས་རབ་བཱ་ལ་དམག་བརྒྱབ་པ།
ཡང་ལོ་གཅིག་ཕར་འདས་པ་ལ། རྒྱལ་པོ་རྣམས་དམག་ལ་སྐྱོད་པའི་དུས་སུ་སླེབས་པ་དང་། ཡོ་ཨབ་ཀྱིས་དམག་དཔུང་ཁྲིད་ནས་ཨམ་མོན་པའི་ཡུལ་བརླག་རྗེས་རབ་བཱ་དམག་གིས་བསྐོར་ནས་བསྡད། དུས་དེར་དཱ་བིད་ཡེ་རུ་སཱ་ལེམ་དུ་བཞུགས་ཏེ། ཡོ་ཨབ་ཀྱིས་རབ་བཱར་རྒོལ་ནས་གྲོང་ཁྱེར་བཤིག དཱ་བིད་ཀྱིས་ཡུལ་དེའི་རྒྱལ་པོའི་མགོ་ནས་ཅོད་པན་ཕྲོགས། རྒྱལ་པོའི་ཅོད་པན་སྟེང་གི་གསེར་ནི་རྡོ་ཚད་གཅིག་ཡོད་པ་དང་། དེའི་སྟེང་ལ་རིན་པོ་ཆེའི་ཕྲ་བཏབ་ཡོད། མི་ཞིག་གིས་དེ་དཱ་བིད་ཀྱི་དབུ་ལ་བསྐོན། དཱ་བིད་ཀྱིས་གྲོང་ཁྱེར་དེ་ལས་རྒྱུ་ནོར་དཔག་མེད་ཕྲོགས་ཤིང་། ཁོང་གིས་གྲོང་ཁྱེར་དེའི་ནང་དུ་ཡོད་པའི་མི་རྣམས་ཕྱི་རོལ་ཏུ་ཁྲིད་ནས་དེ་རྣམས་ལ་སོག་ལེ་དང་། ལྕགས་ཁྱེམ། སྟ་རེ་བཅས་བཀོལ་ནས་ལས་ཀ་བྱེད་དུ་བཅུག་པ་དང་། དཱ་བིད་ཀྱིས་ཨམ་མོན་གྱི་གྲོང་ཁྱེར་སོ་སོའི་མི་ཐམས་ཅད་ལ་དེ་ལྟར་བྱས། དེ་ནས་དཱ་བིད་དང་མི་རྣམས་ཡེ་རུ་སཱ་ལེམ་དུ་ལོག་པ་རེད།
ཕེ་ལེ་ཤེད་པའི་གྱད་མི་ལས་ཡང་ཡང་རྒྱལ་བ།
དེའི་རྗེས་སུ་ཡེས་ར་ཨེལ་པ་རྣམས་གེ་ཟེར་དུ་ཕེ་ལེ་ཤེད་པ་རྣམས་དང་འཐབ་ཅིང་། དུས་དེར་ཧུ་ཤཱ་པ་སིབ་བེ་ཀཱ་ཨི་བྱ་བ་དེས་མི་གཟུགས་རིང་གི་རིགས་རྒྱུད་ལས་སིབ་པཱ་ཨི་བྱ་བ་དེ་བསད་ནས་ཕེ་ལེ་ཤེད་པ་རྣམས་བཏུལ་ལོ། ། དེའི་རྗེས་སུ་ཡེས་ར་ཨེལ་པ་རྣམས་དང་ཕེ་ལེ་ཤེད་པའི་བར་ཡང་བསྐྱར་འཐབ་མོ་བྱུང་ནས། ཡཱ་ཨིར་གྱི་བུ་ཨེལ་ཧ་ནན་གྱིས་དེར་གཱད་པ་གོལ་ཡད་ཀྱི་ནུ་བོ་ལཱ་མི་བྱ་བ་སྟེ་ལག་པར་ཐགས་འཐག་བྱེད་ཀྱི་འཁོར་བརྟེན་ལྟ་བུའི་མདུང་ཐོགས་ཡོད་པ་དེ་བསད་དོ། ། དེ་ནས་ཡང་གཱད་ཡུལ་དུ་འཐབ་མོ་ཞིག་བྱུང་ནས། དེ་རུ་གཟུགས་ཤིན་ཏུ་ཆེ་བའི་མི་ཞིག་ཡོད་པ་ལ། རྐང་ལག་རེ་རེར་མཛུབ་མོ་དྲུག་རེ་ཡོད་པས། བསྡོམས་པས་མཛུབ་མོ་ཉེར་བཞི་ཡོད་པ་ཡིན། དེ་ཡང་མི་གཟུགས་རིང་གི་རིགས་རྒྱུད་ཡིན་ཏེ། དེས་ཡེས་ར་ཨེལ་ལ་འཕྱ་དམོད་བྱས་པས་དཱ་བིད་ཀྱི་སྐུ་མཆེད་ཤི་མེ་ཨ་ཡི་བུ་ཡོ་ནཱ་ཐན་གྱིས་ཁོ་བསད་དོ། ། དེ་རྣམས་ནི་གཱད་ཀྱི་མི་གཟུགས་རིང་གི་རིགས་རྒྱུད་ལས་ཆད་པ་ཡིན་ལ། ཐམས་ཅད་དཱ་བིད་དང་ཁོང་གི་འཁོར་གཡོག་གི་ལག་ནས་ཤི་བར་གྱུར་ཏོ། །