ལེའུ་ལྔ་པ།
རུ་བེན་གྱི་ཚོ་པ།
ཡེས་ར་ཨེལ་གྱི་བུ་སྐྱེས་འགོ་རུ་བེན་གྱི་བུ་ནི་འདི་ལྟ་སྟེ། རུ་བེན་ནི་བུ་སྐྱེས་འགོ་ཡིན་ནའང་ཁོས་རང་གི་ཕ་ཡི་མལ་ཁྲི་བརྫད་པས། * ཁོའི་བུ་སྐྱེས་འགོའི་ཐོབ་ཐང་ནི་ཡེས་ར་ཨེལ་གྱི་བུ་ཡོ་སེབ་ཀྱི་བུ་ལ་དབང་བར་གྱུར་ཏོ། །དེ་བས་ཁྱིམ་རབས་བཞིན་དུ་ཁོ་རང་བུ་སྐྱེས་འགོར་བརྩིས་མེད། ཡ་ཧུ་དཱ་ནི་རང་གི་སྤུན་རྣམས་ཀྱི་ཁྲོད་དུ་སྟོབས་འབྱོར་ཆེས་ཆེ་བ་ཡིན་ཞིང་རྒྱལ་པོའང་ཁོ་ནས་བྱུང་མོད། འོན་ཀྱང་བུ་སྐྱེས་འགོའི་ཐོབ་ཐང་ཡོ་སེབ་ལ་དབང་བའོ། ། ཡེས་ར་ཨེལ་གྱི་བུ་སྐྱེས་འགོ་རུ་བེན་གྱི་བུ་ནི་ཧ་ནོག་དང་། ཕཱ༌ལུའུ། ཧེས༌རོན། ཀར་མའེ་བཅས་སོ། ། ཡོ་ཨེལ་གྱི་བུ་རབས་ཚ་རྒྱུད་ནི་འདི་ལྟ་སྟེ། ཡོ་ཨེལ་གྱི་བུ་ཤེ་མཱ་ཡ་དང་། ཤེ་མཱ་ཡ་ཡི་བུ་གོག གོག་གི་བུ་ཤིམ་ཨི། ཤིམ་ཨི་ཡི་བུ་མི་ཀཱ མི་ཀཱའི་བུ་རེ་ཨ་ཡཱ། རེ་ཨ་ཡཱའི་བུ་པཱ་ཨལ། པཱ་ཨལ་གྱི་བུ་པེ་ཨེ་རཱ་བཅས་ཡིན་ལ། པེ་ཨེ་རཱ་ནི་རུ་བེན་ཚོ་པའི་འགོ་དཔོན་ཡིན་པ་དང་། ཨ་སུར་གྱི་རྒྱལ་པོ་ཏིལ་གད་པིལ་ནེ་བཟིར་གྱིས་བཙན་ཁྲིད་བྱས་སོ། ། དེའི་སྤུན་རྣམས་ལས་རུས་རྒྱུད་དང་ཁྱིམ་རབས་བཞིན་འགོ་དཔོན་ཡིན་པ་འདི་ལྟ་སྟེ། ཡེ་ཨི་ཨེལ་དང་། ཟཱ་ཀར་ཡ། པེ་ལཱ་བཅས་སོ། ། པེ་ལཱ་ནི་ཨ་ཟཱ་སིའི་བུ་དང་། ཨ་ཟཱ་སི་ནི་ཤེ་མཱ་ཡི་བུ། ཤེ་མཱ་ནི་ཡོ་ཨེལ་གྱི་བུ་ཡིན་ལ། ཡོ་ཨེལ་ནི་ཨ་རོ་ཨེར་བྱ་བའི་ཡུལ་དུ་གནས་ཤིང་། ནེ་བོ་དང་པཱ་ཨལ་མེ་ཨོན་གྱི་བར་དུ་སླེབས་སོ། ། དེ་དག་གི་ཕྱུགས་རྣམས་གིལ་ཨད་ཡུལ་དུ་འཕེལ་བས། ཁོ་རང་ཤར་ཕྱོགས་སུ་གནས་སྤར་ཏེ། ཕི་རཱད་ཆུ་བོའི་ཚུར་རོལ་གྱི་དབེན་སྟོང་གི་མཐའ་མཚམས་བར་དུ་མཆེད་པ་ཡིན། 10 སོ་ལོའི་དུས་སུ་དེ་དག་གིས་ཧ་གར་པ་རྣམས་ལ་དམག་བརྒྱབ་ནས། ཧ་གར་པ་རྣམས་དེ་དག་གི་ལག་ནས་འགྱེལ་ཞིང་། དེ་དག་གིལ་ཨད་ཤར་ཕྱོགས་ཀྱི་ཡུལ་ཐམས་ཅད་དུ་ཧ་གར་པའི་གུར་རྣམས་སུ་བསྡད་དོ། །
གཱ་རྡུ་ཡི་ཚོ་པ།
11 གཱ་རྡུའི་བུ་རབས་ཚ་རྒྱུད་རྣམས་ནི་རུ་བེན་གྱི་ཁ་གཏད་དུ། པཱ་ཤན་ཡུལ་དུ་གནས་ཤིང་སལ་ཀཱའི་བར་དུ་མཆེད་པ་སྟེ། 12 པཱ་ཤན་ཡུལ་དུ་གནས་པ་ནི་ཚོ་དཔོན་ཡོ་ཨེལ་དང་། ཚོ་དཔོན་གཉིས་པ་ཤཱ་ཕམ་དང་། ད་དུང་ཡ་ནཱ་ཨི་དང་ཤཱ་ཕད་བཅས་ཡོད་པའོ། ། 13 དེ་དག་དང་ཁྱིམ་རྒྱུད་གཅིག་གི་སྤུན་རྣམས་ནི་མེའ་ཀཱ་ཨེལ་དང་། མཱེ་ཤུལ་ལིམ། ཤེ་བཱ། ཡོ་ར་ཨི། ཡཱ་ཀན། ཟི་ཡཱ། ཨེ་བེར་བཅས་བསྡོམས་པས་བདུན་ནོ། ། 14 དེ་ཐམས་ཅད་ཨ་བི་ཧ་ཡིལ་གྱི་བུ་ཡིན་ཏེ། ཨ་བི་ཧ་ཡིལ་ནི་ཧུ་རིའི་བུ་དང་། ཧུ་རི་ནི་ཡ་རོ་ཨ་ཡི་བུ། ཡ་རོ་ཨ་ནི་གིལ་ཨད་ཀྱི་བུ། གིལ་ཨད་ནི་མེའ་ཀཱ་ཨེལ་གྱི་བུ། མེའ་ཀཱ་ཨེལ་ནི་ཡེ་ཤི་ཤ་ཨིའི་བུ། ཡེ་ཤི་ཤ་ཨི་ནི་ཡཱ་དོ་ཡི་བུ། ཡཱ་དོ་ནི་པུ་ཟཱ་ཡི་བུའོ། ། 15 ད་དུང་གུ༌ནེ་ཡི་ཚ་བོ་དང་ཨབ་དི་ཨེལ་གྱི་བུ་ཨ་ཧི་ཡོད་ཅིང་ཁོ་ནི་དེ་དག་གི་ཁྱིམ་རྒྱུད་ཀྱི་འགོ་དཔོན་ཡིན། 16 དེ་དག་ནི་གིལ་ཨད་དང་པཱ་ཤན། པཱ་ཤན་ལ་གཏོགས་པའི་གྲོང་ཚོ་རྣམས་དང་། ཤཱ་རོན་གྱི་རྩྭ་ས་ཡོངས་སུ་གནས་ཤིང་། མཐའ་འཁོབ་ཀྱི་ས་མཚམས་བར་དུ་སླེབས་སོ། ། 17 ཡ་ཧུ་དཱའི་རྒྱལ་པོ་ཡོ་ཐམ་དང་ཡེས་ར་ཨེལ་གྱི་རྒྱལ་པོ་ཡེ་རོབ་ཨམ་གྱི་དུས་སུ། དེ་ཐམས་ཅད་ཁྱིམ་རབས་སུ་བཀོད་པའོ། །
18 རུ་བེན་གྱི་ཚོ་པ་དང་། གཱ་རྡུའི་ཚོ་པ། མཱ་ན་ཤེའི་ཚོ་པ་ཕྱེད་ཀ་བཅས་ཀྱི་མི་རྣམས་ནི་དམག་མི་དཔའ་རྩལ་ཅན་ཡིན་ལ། དེ་རྣམས་ལས་ཕུབ་དང་རལ་གྲི་ཐེག་པ་དང་། གཞུ་འཐེན་པ་དང་མདའ་འཕེན་ནུས་པ། དམག་ལ་བསྐྱོད་ནས་འཐབ་མཁས་པ་བཅས་བསྡོམས་པས་བཞི་ཁྲི་བཞི་སྟོང་བདུན་བརྒྱ་དྲུག་ཅུ་མཆིས་སོ། ། 19 དེ་རྣམས་ཀྱིས་ཧ་གར་པ་དང་། ཡཱ༌ཐར་པ། ནཱ་ཕིས་པ། ནོ་དབ་པ་རྣམས་ལ་དམག་བརྒྱབ་པ་དང་། 20 དམག་རྒྱག་པའི་སྐབས་སུ་དེ་རྣམས་ལ་དཀོན་མཆོག་གི་རོགས་རམ་ཐོབ་ནས། ཧ་གར་པ་དང་དེར་མནའ་འབྲེལ་བྱེད་མཁན་ཐམས་ཅད་ཁོ་རྣམས་ཀྱི་ལག་ཏུ་སྤྲད་པ་སྟེ། རྒྱུ་མཚན་ནི་དེ་རྣམས་ཀྱིས་གཡུལ་ངོར་དཀོན་མཆོག་ལ་ཞུ་བ་ཕུལ་ཞིང་ཁོང་ལ་བརྟེན་པས། ཁོང་གིས་དེ་རྣམས་ཀྱི་ཞུ་བར་གསན་ཏོ། ། 21 ཡང་དེ་རྣམས་ཀྱིས་དགྲ་བོའི་ཕྱུགས་རྣམས་ཕྲོགས་པ་སྟེ། རྔ་མོང་ཁྲི་ལྔ་དང་། ར་ལུག་འབུམ་གཉིས་དང་ཁྲི་ལྔ། བོང་བུ་སྟོང་གཉིས་བཅས་དང་། ད་དུང་མི་འབུམ་གཅིག་བཅས་པའོ། ། 22 དམག་འཐབ་དེ་ནི་དཀོན་མཆོག་ནས་བྱུང་བས་དགྲ་མང་པོ་བསད་པའོ། །དེ་རྣམས་བཙོན་དུ་ཁྲིད་པའི་བར་དུ་ཧ་གར་པའི་ཡུལ་ལ་གནས་སོ། །
ཆུ་བོ་ཤར་ཕྱོགས་ཀྱི་མཱ་ན་ཤེའི་ཚོ་པ་ཕྱེད་ཀ
23 མཱ་ན་ཤེའི་ཚོ་པ་ཕྱེད་ཀའི་མི་རྣམས་ཡུལ་དེར་གནས་ཤིང་། པཱ་ཤན་ཡུལ་ནས་པཱ་ཨལ་ཧེར་མོན་དང་། སེ་ནིར། ཧེར་མོན་རི་བོ་བཅས་ཀྱི་བར་དུ་མཆེད་པ་དང་། ཁོ་རྣམས་ཀྱི་མི་གྲངས་མང་བའོ། ། 24 དེ་དག་གི་ཁྱིམ་རྒྱུད་སོ་སོའི་འགོ་དཔོན་རྣམས་ནི་འདི་ལྟ་སྟེ། ཨེ་ཕེར་དང་། ཡི་ཤི། ཨེ་ལི་ཨེལ། ཨས་རི་ཨེལ། ཡེ་རེམ་ཡཱ། ཧོ་དབ་ཡཱ། ཡཱ་དི་ཨེལ་བཅས་སོ། །དེ་ཐམས་ཅད་ནི་དམག་མི་དཔའ་རྩལ་ཅན་དང་། མཚན་སྙན་གྲགས་ཅན། ཁྱིམ་རྒྱུད་ཀྱི་འགོ་དཔོན་བཅས་ཡིན་ནོ། ། 25 འོན་ཀྱང་དེ་རྣམས་རང་གི་ཕ་མེས་ཡང་མེས་ཀྱི་དཀོན་མཆོག་དང་འགལ་ནས། ཡུལ་དེ་གའི་མི་རྣམས་ཀྱི་ལྷ་རྣམས་ཀྱི་རྗེས་སུ་འབྲངས་ནས་ལོག་གཡེམ་བྱེད་ཅིང་། ཡུལ་དེའི་མི་རྣམས་ནི་སྔར་དཀོན་མཆོག་གིས་དེ་དག་གི་མདུན་ནས་མེད་པར་མཛད་པ་ཡིན་ནོ། ། 26 དེའི་ཕྱིར། ཡེས་ར་ཨེལ་གྱི་དཀོན་མཆོག་གིས་ཨ་སུར་རྒྱལ་པོ་ཕུལ་ཞེས་བྱ་བ་སྟེ། ཨ་སུར་རྒྱལ་པོ་ཏིལ་གད་པིལ་ནེ་བཟིར་གྱི་སེམས་བསྐུལ་ནས། རུ་བེན་གྱི་ཚོ་པ་དང་། གཱ་རྡུའི་ཚོ་པ། མཱ་ན་ཤེའི་ཚོ་པ་ཕྱེད་ཀ་བཅས་བཟུང་ནས། དེ་རྣམས་ཧ་ལཱ་དང་། ཧ་བོར། ཧ་རཱ། གོ་ཟན་གཙང་པོའི་འགྲམ་བཅས་སུ་ཁྲིད་པ་དང་། དེ་རིང་གི་བར་དུ་ཡུལ་དེར་གནས་སོ། །
* ལེའུ་ལྔ་པ།:1 འདིར་ཕ་ཡི་མལ་ཁྲི་བརྫད་པ་ཞེས་པ་ནི་རུ་བེན་གྱིས་རང་གི་ཕ་ཡི་ཆུན་མ་པིལ་ཧ་ཞེས་བྱ་བར་ལུས་འབྲེལ་བྱས་པ་དེ་ལ་གོ