ལེའུ་ཉེར་གཅིག་པ།
ཡང་ཡེ་ཧོ་ཤ་ཕད་རང་གི་ཕ་མེས་དང་མཉམ་དུ་གཟིམས་པ་དང་། དཱ་བིད་ཀྱི་གྲོང་ཁྱེར་དུ་ཕ་མེས་ཀྱི་ཁྲོད་དུ་དུར་ལ་སྦས་ནས། ཁོའི་སྲས་ཡེ་ཧོ་རཱམ་ཁོའི་ཚབ་ཏུ་རྒྱལ་པོར་གྱུར།
ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་རཱམ།
ཡེ་ཧོ་རཱམ་ལ་སྤུན་འགའ་ཡོད་དེ། དེ་རྣམས་ནི་ཡེ་ཧོ་ཤ་ཕད་ཀྱི་སྲས་ཏེ་ཨ་ཟར་ཡཱ་དང་། ཡེ་ཧི་ཨེལ། ཟཱ་ཀར་ཡ། ཨ་ཟར་ཡཱ་ཧུ། མེའ་ཀཱ་ཨེལ། ཤེ་ཕད་ཡཱ་བཅས་པ་སྟེ། འདི་ཐམས་ཅད་ནི་ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད་ཀྱི་སྲས་རྣམས་ཡིན། དེ་དག་གི་ཕ་ཡིས་དེ་རྣམས་ལ་ཡ་ཧུ་དཱ་ཡུལ་གྱི་འགོག་སྲུང་གྲོང་ཁྱེར་དག་དང་བཅས་སུ་གསེར་དངུལ་དང་། རིན་པོ་ཆེ་མང་པོ་ལེགས་སྐྱེས་སུ་སྤྲད་ཅིང་། ཡེ་ཧོ་རཱམ་ནི་སྐྱེས་འགོ་ཡིན་སྟབས་རྒྱལ་སྲིད་དེ་ལ་སྤྲད། ཡེ་ཧོ་རཱམ་གྱིས་རང་གི་ཕ་ཡི་རྒྱལ་སྲིད་བསྐྱངས་ཏེ་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་། རང་གི་ནུ་བོ་ཐམས་ཅད་རལ་གྲིས་བསད་པར་མ་ཟད། ཡེས་ར་ཨེལ་གྱི་འགོ་དཔོན་འགའ་ཡང་བསད། ཡེ་ཧོ་རཱམ་རྒྱལ་པོར་སྡོད་དུས་སུ་ལོ་སོ་གཉིས་ཡིན་ལ། ཡེ་རུ་སཱ་ལེམ་དུ་ལོ་བརྒྱད་ཀྱི་རིང་ལ་རྒྱལ་སྲིད་བསྐྱངས། དེས་ཨ་ཧབ་ཀྱི་བུ་མོ་ཆུང་མར་བླངས་པས། ཨ་ཧབ་ཀྱི་རྒྱུད་དང་འདྲ་བར་ཡེས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་ལམ་དུ་འགྲུལ་ཏེ། དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་སྤྱད་དོ། ། ཡིན་ཡང་དཀོན་མཆོག་ཡ་ཝཱེས་དཱ་བིད་ལ་ཞལ་ཆད་མཛད་པས་དེའི་ཁྱིམ་རྒྱུད་མེད་པར་མཛད་མ་འདོད་པར། ཁོང་གིས་ཞལ་བཞེས་གནང་བ་ལྟར་དཱ་བིད་དང་ཁོང་གི་བུ་རབས་ཚ་རྒྱུད་རྣམས་ལ་དུས་གཏན་དུ་སྒྲོན་མེའི་འོད་ཟེར་གནང་བའོ། ། ཡེ་ཧོ་རཱམ་གྱིས་རྒྱལ་སྲིད་སྐྱོང་བའི་དུས་སུ་ཨེ་དོམ་པ་རྣམས་ཀྱིས་ངོ་ལོག་བྱས་ཤིང་། ཡ་ཧུ་དཱའི་ལག་ནས་ཐར་ཏེ་རང་གིས་རྒྱལ་པོ་ཞིག་བསྐོས་པ་ལ། ཡེ་ཧོ་རཱམ་གྱིས་རང་གི་དམག་དཔོན་དང་ཤིང་རྟ་ཐམས་ཅད་ཁྲིད་ནས་ཐོན་པ་དང་། མཚན་མོར་ལངས་ཏེ་རང་ཉིད་བསྐོར་ཡོད་པའི་ཨེ་དོམ་པ་དང་། དེ་དག་གི་ཤིང་རྟའི་འགོ་དཔོན་རྣམས་ཕམ་པར་བརྒྱབ། 10 དུས་དེ་ནས་བཟུང་ཨེ་དོམ་པ་རྣམས་ཀྱིས་ངོ་ལོག་བྱས་ནས་དེ་རིང་གི་བར་དུ་ཡ་ཧུ་དཱའི་ལག་ནས་ཐར་ཞིང་། དུས་དེ་ལ་ལིབ་ནཱ་པ་རྣམས་ཀྱིས་ཀྱང་ངོ་ལོག་བྱས། ཅིའི་ཕྱིར་ཞེ་ན། ཡེ་ཧོ་རཱམ་གྱིས་རང་གི་ཕ་མེས་ཀྱི་དཀོན་མཆོག་ཡ་ཝཱེ་སྤངས་པས་སོ། ། 11 ཡང་ཁོས་ཡ་ཧུ་དཱའི་རི་རྣམས་ཀྱི་སྟེང་དུ་མཐོ་གླིང་བརྩིགས་ཏེ། ཡེ་རུ་སཱ་ལེམ་གྱི་ཡུལ་མི་དག་ལ་ལོག་གཡེམ་བྱེད་དུ་བཅུག་ནས་ཡ་ཧུ་དཱ་པ་རྣམས་བསླུས་པ་རེད། 12 དེའི་ཚེ་ལུང་སྟོན་པ་ཨེ་ལི་ཡཱས་ཡེ་ཧོ་རཱམ་ལ་འཕྲིན་ཡིག་སྤྲིངས་ཏེ་འདི་ལྟར། ཁྱོད་ཀྱི་མེས་པོ་དཱ་བིད་ཀྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ནི་རང་གི་ཕ་ཡེ་ཧོ་ཤ་ཕད་ཀྱི་ལམ་དང་། ཡ་ཧུ་དཱའི་རྒྱལ་པོ་ཨ་སཱའི་ལམ་གྱི་ནང་དུ་མི་འགྲུལ་བར། 13 ཡེས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་ལམ་དུ་འགྲུལ་ནས་ཨ་ཧབ་ཀྱི་བུ་རྒྱུད་ཀྱིས་འདོད་ལོག་སྤྱད་པ་ལྟར། ཡ་ཧུ་དཱ་པ་དང་ཡེ་རུ་སཱ་ལེམ་པ་རྣམས་ལ་ཡང་ལོག་གཡེམ་བྱེད་དུ་བཅུག་ཅིང་། ཁྱོད་ལས་བཟང་བའི་རང་གི་ཕ་རྒྱུད་ཀྱི་སྤུན་རྣམས་ཀྱང་བསད་པས། 14 ལྟོས་དང་། དཀོན་མཆོག་ཡ་ཝཱེས་ཁྱོད་ཀྱི་འབངས་མི་དང་། ཁྱོད་ཀྱི་ཆུང་མ་རྣམས་དང་བུ་ཕྲུག་རྣམས། དེ་མིན་ཁྱོད་ཀྱི་རྒྱུ་ནོར་ཐམས་ཅད་ལ་བར་ཆད་ཆེན་པོས་རྡེག་པར་འགྱུར། 15 ཡང་ཁྱོད་ལ་རྒྱུ་ནད་ཤིན་ཏུ་ཚབས་ཆེན་ཕོག་ནས། ནད་དེ་ཉིན་རེ་བཞིན་ཇེ་སྡུག་ཏུ་སོང་སྟེ་རྒྱུ་མ་ལུག་པར་འགྱུར་གསུངས་ཞེས་གསུངས་སོ། ། 16 ཕྱིས་སུ་ཕེ་ལེ་ཤེད་པ་དང་གུ་ཤ་པའི་ཉེ་འཁོར་དུ་ཡོད་པའི་ཨ་རབ་པ་རྣམས་ཡེ་ཧོ་རཱམ་ལ་འཐབ་ཏུ་དཀོན་མཆོག་ཡ་ཝཱེས་ཀུན་ནས་བསླངས། 17 དེ་རྣམས་ཀྱིས་ཡ་ཧུ་དཱ་རུ་དམག་དྲངས་ནས། མངའ་ཁོངས་སུ་བཙན་འཛུལ་བྱས་ཏེ་ཕོ་བྲང་ནང་གི་རྒྱུ་ནོར་ཐམས་ཅད་ཕྲོགས་པ་དང་། དེའི་བུ་རྣམས་དང་ཆུང་མ་ཐམས་ཅད་ཀྱང་བཙན་ཁྲིད་བྱས་ཤིང་། བུ་རྣམས་ཀྱི་ཐ་ཆུང་ཨ་ཧ་ཟི་ཡཱ་མ་གཏོགས་བུ་གཞན་གཅིག་ཀྱང་མ་བསྐྱུར་ཏོ། ། 18 དེའི་རྗེས་སུ་དཀོན་མཆོག་ཡ་ཝཱེས་ཡེ་ཧོ་རཱམ་ལ་བརྡེགས་ནས་དེའི་རྒྱུ་མར་ནད་གསོ་ཐབས་མེད་པ་བྱུང་བར་མཛད། 19 ཁོ་ཡུན་རིང་པོར་ན་སྟེ། ལོ་གཉིས་འཁོར་བ་ན་རྒྱུ་མ་ལུག་པ་དང་ནད་ཀྱིས་ཤི་བ་རེད། ཁོའི་མི་རྣམས་ཀྱིས་ཕ་མེས་ཀྱི་ཕྱིར་མེ་སྦར་བ་ལྟར་ཁོའི་ཕྱིར་མེ་མ་སྦར་བ་རེད། 20 ཡེ་ཧོ་རཱམ་རྒྱལ་པོར་སྡོད་དུས་སུ་ལོ་སོ་གཉིས་ཡིན་ཏེ། ཡེ་རུ་སཱ་ལེམ་དུ་ལོ་བརྒྱད་ལ་རྒྱལ་སྲིད་བསྐྱངས། ཚེ་ལས་འདས་པའི་དུས་སུ་ཁོའི་དོན་དུ་མྱ་ངན་བྱེད་མཁན་མེད་པ་དང་། མི་རྣམས་ཀྱིས་ཁོ་རང་དཱ་བིད་ཀྱི་གྲོང་ཁྱེར་དུ་དུར་ལ་སྦས་ནའང་རྒྱལ་པོ་དག་གི་དུར་ཁྲོད་དུ་མ་སྦས་སོ། །