ལེའུ་ཉེར་དགུ་པ།
ཡ་ཧུ་དཱའི་རྒྱལ་པོ་ཧི་ཟི་ཀི་ཡཱ།
ཧི་ཟི་ཀི་ཡཱས་རྒྱལ་སྲིད་འཛིན་དུས་ཁོང་དགུང་ལོ་ཉེར་ལྔ་ཡིན་པ་དང་། ལོ་ཉེར་དགུའི་རིང་ལ་ཡེ་རུ་སཱ་ལེམ་དུ་རྒྱལ་སྲིད་བསྐྱངས། ཟཱ་ཀར་ཡའི་བུ་མོ་ཨ་བི་བྱ་བ་ནི་ཁོང་གི་ཡུམ་མོ། ། ཧི་ཟི་ཀི་ཡཱས་རང་གི་ཡབ་མེས་དཱ་བིད་ཀྱི་མཛད་པ་ཐམས་ཅད་བཞིན་དུ། དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ལེགས་པོ་གང་ཡིན་དེ་སྤྱད།
དཀོན་མཆོག་གི་མཆོད་ཁང་དམ་པར་བྱས་པ།
ཁོང་གིས་རྒྱལ་སྲིད་སྐྱོང་བའི་ལོ་དང་པོའི་ཟླ་དང་པོར། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་སྒོ་རྣམས་ཕྱེས་ནས་དེ་རྣམས་ཞིག་གསོ་མཛད། ཡང་ཁོང་གིས་མཆོད་དཔོན་དང་ལེ་ཝི་པ་རྣམས་བོས་ཏེ་ཤར་ཕྱོགས་ཀྱི་ཐང་ཆེན་ལ་བསྡུས་ནས་དེ་དག་ལ་ན་རེ། ཀྱེ་ལེ་ཝི་པ་རྣམས་བདག་ལ་ཉོན་དང་། ཁྱོད་ཅག་གིས་རང་ཉིད་དམ་པར་བྱོས་དང་། ཡང་རང་གི་ཕ་མེས་ཀྱི་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ཡང་དམ་པར་བྱོས་ལ། དམ་པའི་གནས་ལས་རྫས་མི་གཙང་བ་དེ་ཕྱུང་ཞིག རང་ཅག་གི་ཕ་མེས་རྣམས་ཀྱིས་སྡིག་པའི་ལས་བྱས་ཏེ། རང་ཅག་གི་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་སྤྱད་དེ་ཁོང་ཉིད་སྤངས་པ་དང་། དཀོན་མཆོག་ཡ་ཝཱེའི་བཞུགས་གནས་ལ་ཁ་ཡ་མི་བྱེད་པར་ཁོང་ལ་རྒྱབ་བསྟན་པ་ཡིན་ཏེ། ཡང་དེ་དག་གིས་མཆོད་ཁང་བར་ཁྱམས་ཀྱི་སྒོ་རྣམས་བརྒྱབ་སྟེ། སྒྲོན་མེ་རྣམས་གཟིམས། ཡེས་ར་ཨེལ་གྱི་དཀོན་མཆོག་ལ་གནས་དམ་པའི་ནང་དུ་སྤོས་ཀྱང་མ་བདུག་ལ། སྦྱིན་སྲེག་གི་མཆོད་པ་ཡང་མ་ཕུལ་བས། ཡ་ཧུ་དཱ་དང་ཡེ་རུ་སཱ་ལེམ་གྱི་སྟེང་དུ་དཀོན་མཆོག་ཡ་ཝཱེའི་ཐུགས་ཁྲོ་བབས་ཏེ། ཁྱོད་ཚོའི་མིག་གིས་མཐོང་བ་བཞིན་དུ། ཁོང་གིས་དེ་རྣམས་འཇིགས་སུ་རུང་བ་དང་ཡ་ང་བ། དགོད་བྲོ་བ་བཅས་ཀྱི་གནས་སུ་བསྐྱུར། ལྟོས་ཤིག དེའི་རྐྱེན་གྱིས་རང་ཅག་གི་ཕ་མེས་རྣམས་རལ་གྲིས་བརྡབས་ཤིང་། བུ་དང་བུ་མོ་དང་ཆུང་མ་རྣམས་བཙོན་མ་རུ་གྱུར། 10 ད་ལྟ་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེའི་ཐུགས་ཁྲོ་དྲག་པོ་དེ་རང་ཅག་དང་འབྲལ་བའི་ཆེད་དུ། བདག་གི་སེམས་སུ་ཁོང་དང་ཁ་ཆད་འཇོག་པའི་འདུན་པ་ཡོད་དེ། 11 བདག་གི་བུ་རྣམས། དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ནི་ཁོང་གི་དྲུང་དུ་ལངས་ནས་ཁོང་ལ་ཞབས་ཕྱི་བསྒྲུབ་པ་དང་། ཁོང་གི་ཞབས་ཕྱི་བྱས་ནས་ཁོང་ལ་སྤོས་བདུག་པའི་ཕྱིར་བདམས་པས། ད་ནི་བག་གཡེང་མ་བྱེད་ཅིག་ཅེས་བསྐུལ་བ་ན། 12 ལེ་ཝི་པ་རྣམས་ཡར་ལངས་ཏེ། དེའི་ཁྲོད་དུ་ཀོ་ཧད་ཀྱི་བུ་རྒྱུད་ལས། ཨ་མ་སཱ་ཨིའི་བུ་མ་ཧད་དང་། ཨ་ཟར་ཡཱའི་བུ་ཡོ་ཨེལ། ཡང་མཱ་རཱ་རེའེ་ཡི་བུ་རྒྱུད་ལས། ཨབ་དིའི་བུ་ཁི་སི་དང་། ཡེ་ཧལ་ལེ་ཨེལ་གྱི་བུ་ཨ་ཟར་ཡཱ་དང་། གེར་ཤོན་པ་ལས། ཟིམ་མཱའི་བུ་ཡོ་ཨག་དང་། ཡོ་ཨག་གི་བུ་ཨེ་དེན་དང་། 13 ཨེ་ལི་ཙ་ཕན་གྱི་བུ་རྒྱུད་ལས། ཤིམ་རི་དང་ཡེ་ཨི་ཡེལ། ཨ་སབ་ཀྱི་བུ་རྒྱུད་ལས། ཟཱ་ཀར་ཡ་དང་། མད་ཐན་ཡཱ་དང་། 14 ཧེ་མཱན་གྱི་བུ་རྒྱུད་ལས། ཡེ་ཧི་ཨེལ་དང་། ཤིམ་ཨི་དང་། ཡེ་དུ་ཐུན་གྱི་བུ་རྒྱུད་ལས། ཤེ་མ་ཡཱ་དང་ཨུ་ཟི་ཨེལ་བཅས་སོ། ། 15 དེ་དག་གིས་རང་གི་སྤུན་རྣམས་བསྡུས་ནས་རང་ཉིད་དམ་པར་བྱས་ཤིང་། དཀོན་མཆོག་ཡ་ཝཱེའི་བཀའ་དང་རྒྱལ་པོའི་གསུང་བཞིན་དུ། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ལ་བྱི་དོར་བྱེད་དུ་ཆས་ཏེ། 16 མཆོད་དཔོན་དག་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་དུ་བྱི་དོར་བྱེད་དུ་ཞུགས་ནས། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་དུ་ཡོད་པའི་རྫས་མི་གཙང་བ་ཐམས་ཅད་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ར་སྐོར་ནང་དུ་བཏོན་པ་དང་། ལེ་ཝི་པ་རྣམས་ཀྱིས་དེ་བླངས་ནས་ཕྱི་རོལ་ཏུ་ཀིད་རོན་གྲོག་མོ་ལ་བསྐྱལ་བ་ཡིན། 17 དེ་ལྟར་དེ་དག་གིས་ཟླ་དང་པོའི་ཚེས་གཅིག་གི་ཉིན་ནས་བཟུང་དམ་པར་བྱེད་པའི་འགོ་བརྩམས་ནས། ཟླ་དེའི་ཉིན་བརྒྱད་པར་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ཁྱམས་རར་སླེབས། ཉིན་བརྒྱད་ཀྱི་རིང་ལ་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དམ་པར་བྱས་ནས། ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་ལས་ཀ་ཡོངས་སུ་གྲུབ། 18 དེ་ནས་ཁོ་རྣམས་རྒྱལ་པོ་ཧི་ཟི་ཀི་ཡཱའི་དྲུང་དུ་ཕྱིན་ཏེ་ན་རེ། ངེད་ཅག་གིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ཧྲིལ་པོ་དང་། སྦྱིན་སྲེག་གི་མཆོད་ཁྲི་དང་། དེའི་ཡོ་བྱད་ཚང་མ་དང་། སྤྱན་བསྟར་བག་ལེབ་བཤམ་སའི་སྒྲོག་ཙེ་དང་། དེའི་ཡོ་བྱད་ཚང་མ་གཙང་མར་བྱས་པ་ཡིན། 19 གཞན་ཡང་རྒྱལ་པོ་ཨ་ཧ་ཟཱས་སྲིད་བསྐྱངས་ནས། དཀོན་མཆོག་ལ་ཉེས་པ་བསགས་པའི་དུས་སུ་གཡུགས་ནས་བཞག་པའི་སྣོད་ཆས་ཐམས་ཅད་ཀྱང་བདག་ཅག་གིས་བཤམས་ནས་དམ་པར་བྱས་ཏེ། གཟིགས་ཤིག ད་ལྟ་དེ་རྣམས་དཀོན་མཆོག་ཡ་ཝཱེའི་མཆོད་ཁྲིའི་དྲུང་དུ་ཡོད་ཅེས་ཞུས་པའོ། །
ཡང་བསྐྱར་གནས་དམ་པར་ཞབས་ཕྱི་བསྒྲུབས་པ།
20 རྒྱལ་པོ་ཧི་ཟི་ཀི་ཡཱ་སྔ་མོར་ཡར་ལངས་ཏེ། རྒྱལ་སའི་འགོ་དཔོན་རྣམས་བསྡུས་ནས་ཡར་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་སོང་སྟེ། 21 རྒྱལ་ཁམས་དང་གནས་དམ་པ་དང་ཡ་ཧུ་དཱ་པ་བཅས་ཀྱི་སྡིག་བཤགས་མཆོད་པའི་ཕྱིར་བ་གླང་བདུན་དང་། ལུག་ཐུག་བདུན། ལུ་གུ་བདུན། ར་ཐུག་བདུན་བཅས་ཁྲིད་འོངས་ནས། རྒྱལ་པོས་ཨ་རོན་བུ་རྒྱུད་ཀྱི་མཆོད་དཔོན་རྣམས་ལ་དེ་དག་དཀོན་མཆོག་ཡ་ཝཱེའི་མཆོད་ཁྲིའི་ཁར་འབུལ་བའི་བཀའ་གནང་བ་རེད། 22 དེ་དག་གིས་བ་གླང་དེ་རྣམས་བཤས་ནས། མཆོད་དཔོན་གྱིས་ཁྲག་ཚུར་བླངས་ཏེ་མཆོད་ཁྲིའི་ཁར་གཏོར། དེ་བཞིན་དུ་ལུག་ཐུག་རྣམས་བཤས་ཏེ་ཁྲག་ནི་མཆོད་ཁྲིའི་ཁར་གཏོར། ཡང་ལུ་གུ་རྣམས་ཀྱང་བཤས་ཏེ་ཁྲག་མཆོད་ཁྲི་ལ་གཏོར། 23 ཡང་སྡིག་བཤགས་མཆོད་པར་འབུལ་བའི་ར་ཐུག་རྣམས་རྒྱལ་པོ་དང་མི་ཚོགས་ཀྱི་མདུན་དུ་ཁྲིད་དེ། ཚང་མས་དེ་རྣམས་ཀྱི་ཐོག་ལ་ལག་པ་བཞག 24 དེ་ནས་མཆོད་དཔོན་རྣམས་ཀྱིས་ར་ཐུག་རྣམས་བཤས་ཏེ། ཡེས་ར་ཨེལ་པ་ཐམས་ཅད་ཀྱི་སྡིག་པ་བསལ་ཆེད་ར་ཐུག་གི་ཁྲག་མཆོད་ཁྲི་ལ་གཏོར། ཅིའི་ཕྱིར་ཞེ་ན། རྒྱལ་པོས་ཡེས་ར་ཨེལ་པ་ཐམས་ཅད་ཀྱི་དོན་དུ་སྦྱིན་སྲེག་དང་སྡིག་བཤགས་མཆོད་པ་འབུལ་དགོས་པའི་བཀའ་བསྒོས་ཡོད་དོ། ། 25 ཡང་དཱ་བིད་དང་རྒྱལ་པོའི་མངོན་ཤེས་པ་གཱ་རྡུ་དང་ལུང་སྟོན་པ་ནཱ་ཐན་བཅས་ཀྱིས་བསྒོས་པ་བཞིན་དུ། རྒྱལ་པོས་ལེ་ཝི་པ་རྣམས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་དུ་སྦུག་ཆལ་དང་། རྒྱུད་མངས་དང་། པི་ཝང་བཅས་ལག་ཏུ་ཐོགས་ནས་ལངས་སུ་བཅུག་གོ །ཅི་ལ་ཞེ་ན། དཀོན་མཆོག་ཡ་ཝཱེས་ལུང་སྟོན་པ་རྣམས་བརྒྱུད་ནས་དེ་བཞིན་བྱེད་དུ་བཀའ་བསྩལ་བ་ཡིན། 26 དེ་ནས་ལེ་ཝི་པ་རྣམས་ཀྱིས་དཱ་བིད་ཀྱི་རོལ་ཆས་དང་། མཆོད་དཔོན་རྣམས་ཀྱིས་དུང་བཟུང་ནས་ལངས་བསྡད་པ་དང་། 27 ཧི་ཟི་ཀི་ཡཱས་མཆོད་ཁྲིའི་ཁར་སྦྱིན་སྲེག་འབུལ་བའི་བཀའ་བསྩལ་ཞིང་སྦྱིན་སྲེག་འབུལ་བར་བརྩམས་པ་དང་། དུང་དང་ཡེས་ར་ཨེལ་གྱི་རྒྱལ་པོ་དཱ་བིད་ཀྱི་རོལ་ཆས་དང་བཅས་སུ་དཀོན་མཆོག་ཡ་ཝཱེ་ལ་བསྟོད་དབྱངས་ཕུལ་ཏོ། ། 28 མི་ཚོགས་ཡོངས་ཀྱིས་ཀྱང་ཕྱག་བཙལ་ཏེ། སྦྱིན་སྲེག་ཕུལ་ཚར་བའི་བར་དུ་མགུར་ལེན་མཁན་དག་གིས་བསྟོད་དབྱངས་བླངས། དུང་འབུད་མཁན་དག་གིས་དུང་བུས། 29 མཆོད་པ་ཕུལ་ནས་རྫོགས་པ་ན། རྒྱལ་པོ་དང་ཁོང་དང་མཉམ་དུ་ཡོད་པ་ཐམས་ཅད་ཀྱིས་ཕྱག་བཙལ། 30 དེ་ནས་རྒྱལ་པོ་ཧི་ཟི་ཀི་ཡཱ་དང་འགོ་དཔོན་རྣམས་ཀྱིས་ལེ་ཝི་པ་རྣམས་ལ། དཱ་བིད་དང་མངོན་ཤེས་པ་ཨ་སབ་ཀྱི་མགུར་མ་བླངས་ནས་དཀོན་མཆོག་ཡ་ཝཱེ་ལ་བསྟོད་པ་འབུལ་བར་བསྒོས་པ་དང་། དེ་དག་གིས་དགའ་དགའ་སྤྲོ་སྤྲོའི་ངང་བསྟོད་བསྔགས་བརྗོད་ནས་ཕྱག་བཙལ་ཏོ། ། 31 ཡང་ཧི་ཟི་ཀི་ཡཱས་འདི་ལྟར། ཁྱོད་རྣམས་ཀྱིས་རང་ཉིད་དཀོན་མཆོག་ཡ་ཝཱེའི་ཕྱིར་དུ་དམ་པར་བྱས་པ་ཡིན་པས། ཉེ་བར་ཤོག་དང་། མཆོད་པ་དང་གཏང་རག་གི་མཆོད་པ་རྣམས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་དུ་ཁྱེར་ཤོག་ཅེས་བསྒོས་པ་ལ། མི་ཚོགས་ཀྱིས་མཆོད་པ་དང་གཏང་རག་གི་མཆོད་པ་ཁྱེར་འོངས་པ་དང་། སེམས་མོས་པ་ཐམས་ཅད་ཀྱིས་སྦྱིན་སྲེག་གི་མཆོད་པ་ཕུལ་ཏོ། ། 32 མི་ཚོགས་ཀྱིས་ཕུལ་བའི་སྦྱིན་སྲེག་གི་མཆོད་པའི་གྲངས་ནི་འདི་ལྟར་ཏེ། བ་གླང་བདུན་ཅུ་དང་ལུག་ཐུག་བརྒྱ་དང་། ལུ་གུ་ཉིས་བརྒྱ་བཅས་ཡིན་ལ། དེ་ཐམས་ཅད་དཀོན་མཆོག་ཡ་ཝཱེ་ལ་སྦྱིན་སྲེག་ཏུ་ཕུལ་བའོ། ། 33 ཡང་བ་གླང་དྲུག་བརྒྱ་དང་ར་ལུག་སུམ་སྟོང་ཡང་དམ་པར་བྱས་སོ། ། 34 ཡིན་ཡང་མཆོད་དཔོན་ཤིན་ཏུ་ཉུང་བས་མཆོད་བྱ་ཐམས་ཅད་ཀྱི་པགས་པ་བཤུ་མ་ནུས་པ་དང་། དེ་དག་གི་སྤུན་ལེ་ཝི་པ་རྣམས་ཀྱིས་ལས་ཀ་འགྲུབ་པའི་བར་དུ་རོགས་བྱས། དེའི་བར་དུ་མཆོད་དཔོན་གཞན་རྣམས་ཀྱིས་རང་ཉིད་དམ་པར་བྱས། གང་ལ་ཞེ་ན། དམ་པར་བྱེད་དུ་མཆོད་དཔོན་ལས་ལེ་ཝི་པའི་སེམས་དྲང་པོ་ཡིན་ནོ། ། 35 དེར་སྦྱིན་སྲེག་གི་མཆོད་པ་དང་། ཞི་བདེའི་མཆོད་པའི་ཚིལ་དང་། སྦྱིན་སྲེག་དང་མཉམ་དུ་ཕུལ་བའི་སྐྱེམས་མཆོད་ཀྱང་རབ་ཏུ་མང་པོ་ཡོད་དེ། དེ་ལྟར་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ཞབས་ཏོག་གི་གྲལ་ཡང་བསྐྱར་ལེགས་པར་བསྒྲིགས། 36 ཡང་དཀོན་མཆོག་གིས་མི་རྣམས་ཀྱི་དོན་དུ་གྲ་སྒྲིག་མཛད་ནས་བྱ་བ་དེ་མྱུར་དུ་གྲུབ་པས། ཧི་ཟི་ཀི་ཡཱ་དང་མི་ཚོགས་ཐམས་ཅད་དགའ་བར་གྱུར་ཏོ། །