ལེའུ་སོ་གསུམ་པ།
ཡ་ཧུ་དཱའི་རྒྱལ་པོ་མཱ་ན་ཤེ།
མཱ་ན་ཤེ་རྒྱལ་པོར་འགོད་དུས་སུ་ལོ་བཅུ་གཉིས་ཡིན་པ་དང་། ཡེ་རུ་སཱ་ལེམ་དུ་ལོ་ལྔ་བཅུ་ང་ལྔའི་རིང་ལ་རྒྱལ་སྲིད་བསྐྱངས་སོ། ། ཁོས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་སྤྱད་དེ། དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་པ་རྣམས་ཀྱི་མདུན་ནས་བསྐྲད་པའི་ཕྱི་རོལ་པ་རྣམས་ཀྱི་ཞེན་ལོག་གི་སྤྱོད་ཚུལ་བཞིན་དུ་སྤྱད་ཅིང་། ཁོས་རང་གི་ཕ་ཧི་ཟི་ཀི་ཡཱས་བཤིགས་པའི་མཐོ་གླིང་རྣམས་ཕྱིར་བརྩིགས་ཏེ། པཱ་ཨལ་རྣམས་ཀྱི་དོན་དུ་མཆོད་ཁྲི་བཞེངས་པ་དང་། ཨ་ཤེ་རཱ་རྣམས་བཙུགས་ཏེ། ནམ་མཁའི་སྐར་ཚོགས་ཐམས་ཅད་ལ་ཕྱག་བཙལ་ནས་ཞབས་ཏོག་བསྒྲུབས། ཁོས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་དུ་མཆོད་ཁྲི་རྣམས་བཞེངས་པ་སྟེ། སྔར་དཀོན་མཆོག་ཡ་ཝཱེས་མཆོད་ཁང་དེར་དམིགས་ནས་འདི་སྐད་དུ། བདག་གི་མིང་ནི་རྒྱུན་ནས་རྒྱུན་དུ་ཡེ་རུ་སཱ་ལེམ་དུ་གནས་པར་བྱ་ཞེས་གསུངས་པའོ། ། ཁོས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ཁྱམས་ར་གཉིས་ཀྱི་ནང་དུ་ནམ་མཁའི་སྐར་ཚོགས་ཀུན་གྱི་ཆེད་དུ་མཆོད་ཁྲི་རྣམས་བཞེངས། པེན་ཧིན་ནོམ་ལུང་པར་རང་གི་བུ་རྣམས་མེ་མཆོད་དུ་ཕུལ་ཞིང་། ཡང་རྩིས་པ་དང་མོ་པ། སྒྱུ་མ་མཁན། ལྷ་པ། གཤིན་འདྲེ་འགུག་མཁན་སོགས་བསྟེན་ནས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་མང་པོ་སྤྱད་དེ་ཁོང་ཐུགས་ཁྲོ་བར་བྱས། ཁོས་ཡང་རང་གིས་བརྐོས་པའི་སྐུ་འདྲ་དེ་དཀོན་མཆོག་གི་མཆོད་ཁང་དུ་བསླངས་ནས་བཞག སྔར་ཡ་ཝཱེས་མཆོད་ཁང་དེར་དམིགས་ནས་དཱ་བིད་དང་དེའི་སྲས་སོ་ལོ་མོན་གཉིས་ལ་འདི་སྐད་དུ། ངས་མཆོད་ཁང་འདི་དང་ཡེས་ར་ཨེལ་གྱི་ཚོ་པ་ཁག་ནས་བདམས་པའི་ཡེ་རུ་སཱ་ལེམ་དུ་རང་གི་མིང་དུས་རྟག་ཏུ་འཇོག་པར་བྱ་སྟེ། ཇི་སྟེ་ཡེས་ར་ཨེལ་པ་རྣམས་ཀྱིས་གཟབ་གཟབ་ངང་བདག་གིས་མོ་ཤེ་བརྒྱུད་ནས་བསྒོས་པའི་བཀའ་ཁྲིམས་དང་བཀའ་རྒྱ། སྲོལ་ཡིག་བཅས་ཐམས་ཅད་བཞིན་དུ་བྱེད་ན། ངས་དེ་དག་གི་མེས་པོ་རྣམས་ལ་སྤྲད་པའི་ཡུལ་ཁམས་ནས་ཁོ་རྣམས་ནམ་ཡང་སྐྲོད་པར་མི་བྱ་ཞེས་གསུངས། ཡིན་ནའང་མཱ་ན་ཤེ་ཡིས་ཡ་ཧུ་དཱ་པ་དང་ཡེ་རུ་སཱ་ལེམ་པ་རྣམས་ལོག་པར་ཁྲིད་ནས་དེ་དག་ངན་པའི་ལས་ལ་བཅུག་ཅིང་། དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་པ་རྣམས་ཀྱི་མདུན་ནས་ཚར་བཅད་པའི་ཕྱི་རོལ་པ་རྣམས་ལས་ཀྱང་ཚབས་ཆེའོ། །
མཱ་ན་ཤེས་འགྱོད་བཤགས་བྱས་པ།
10 དཀོན་མཆོག་ཡ་ཝཱེས་མཱ་ན་ཤེ་དང་དེའི་འབངས་ལ་ཞལ་ཏ་མཛད་ཀྱང་དེ་ཚོས་མ་མཉན། 11 དེའི་ཕྱིར་དཀོན་མཆོག་ཡ་ཝཱེས་དེ་དག་གི་སྟེང་ཏུ་ཨ་སུར་རྒྱལ་པོའི་དམག་དཔོན་རྣམས་བཏང་བ་ལ། དེ་དག་གིས་མཱ་ན་ཤེ་ལྕགས་ཀྱུས་བཟུང་སྟེ། ལི་ཡི་སྒྲོག་བརྒྱབས་ནས་པཱ་པེལ་ལོན་དུ་ཁྲིད། 12 དེར་ཁོ་སྡུག་བསྔལ་གྱིས་མནར་དུས་སུ། རང་གི་དཀོན་མཆོག་ཡ་ཝཱེ་ལ་ཞུ་བ་ཕུལ་ཞིང་། ཁོའི་ཕ་མེས་རྣམས་ཀྱི་དཀོན་མཆོག་ཡ་ཝཱེའི་དྲུང་དུ་རབ་ཏུ་ཁེངས་ཆུང་བྱས། 13 ཁོས་སྨོན་ལམ་བཏབ་པ་དང་དཀོན་མཆོག་གིས་ཁོའི་ཞུ་བ་བསྐངས་ནས། དེའི་གསོལ་ཚིག་ལ་གསན་ཏེ། ཁོ་ཡེ་རུ་སཱ་ལེམ་དུ་ཕྱིར་དྲངས་ནས་ཁོའི་རྒྱལ་ཁྲི་སླར་གསོ་མཛད་པས། མཱ་ན་ཤེ་ཡིས་ད་གཟོད་དཀོན་མཆོག་ཡ་ཝཱེ་འབའ་ཞིག་ནི་དཀོན་མཆོག་ཡིན་པ་ཤེས། 14 དེའི་རྗེས་སུ་མཱ་ན་ཤེ་ཡིས་དཱ་བིད་གྲོང་ཁྱེར་གྱི་ཕྱི་རོལ་ཏུ། ལུང་པའི་གེ་ཧོན་ཆུ་མིག་གི་ནུབ་ཕྱོགས་ནས་ཉའི་རྟ་སྒོའི་བར་དུ་ལྕགས་རི་བརྩིགས་ནས། ཨོ་ཕེལ་ས་ཁུལ་བསྐོར་ཏེ་མཐོན་པོ་བྱས། ཡང་ཡ་ཧུ་དཱའི་འགོག་སྲུང་གྲོང་ཁྱེར་ཐམས་ཅད་ཀྱི་ནང་དུ་དམག་དཔོན་བཞག 15 དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་ཡོད་པའི་ཕྱི་རོལ་པའི་ལྷ་རྟེན་དང་སྐུ་འདྲ་རྣམས་མེད་པར་བཟོས་ཤིང་། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་རི་དང་། ཡེ་རུ་སཱ་ལེམ་དུ་བཞེངས་པའི་མཆོད་ཁྲི་ཐམས་ཅད་ཁྱེར་ཏེ་རྒྱལ་སའི་ཕྱི་རོལ་ཏུ་གཡུགས་ནས། 16 དཀོན་མཆོག་ཡ་ཝཱེའི་མཆོད་ཁྲི་ཞིག་གསོ་བྱས་པ་དང་དེའི་ཁར་ཞི་བདེའི་མཆོད་པ་དང་གཏང་རག་གི་མཆོད་པ་ཕུལ་ནས། ཡ་ཧུ་དཱ་པ་རྣམས་ལ་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་ལ་ཞབས་ཕྱི་བྱེད་པར་བསྒོས་ན་ཡང་། 17 མི་རྣམས་ཀྱིས་ད་དུང་མཐོ་གླིང་རྣམས་སུ་མཆོད་པ་ཕུལ་ཏེ། རང་གི་དཀོན་མཆོག་ཡ་ཝཱེ་འབའ་ཞིག་ལ་མཆོད་པ་ཕུལ་བ་ཡིན།
མཱ་ན་ཤེ་ཚེ་ལས་འདས་པ།
18 མཱ་ན་ཤེའི་བྱས་རྗེས་གཞན་རྣམས་དང་། ཁོས་རང་གི་དཀོན་མཆོག་ལ་སྨོན་ལམ་བཏབ་པ་དང་། མངོན་ཤེས་པ་རྣམས་ཀྱིས་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེའི་མཚན་གྱི་སྒོ་ནས་ཁོ་ལ་གསུངས་པའི་ཞལ་གདམས་རྣམས་ནི། ཡེས་ར་ཨེལ་གྱི་རྒྱལ་རབས་ཀྱི་མདོ་རུ་བཀོད་ཡོད། 19 ཡང་ཁོའི་གསོལ་འདེབས་དང་། དཀོན་མཆོག་གིས་ཁོའི་ཞུ་བ་ཅི་ལྟར་བསྐངས་ཚུལ་དང་། ཁོས་ཁེངས་ཆུང་མ་བྱས་གོང་ལ་སྡིག་པ་དང་ཉེས་སྐྱོན་ཅི་བྱས་ཡོད་ཚད། ཡུལ་གང་དུ་མཐོ་གླིང་རྣམས་བརྩིགས་ཚུལ། ཨ་ཤེ་རཱ་དང་རྟེན་རྣམས་བཞག་པ་ནི་ལུང་སྟོན་པ་རྣམས་ཀྱི་གཏམ་སྤྱོད་ཀྱི་ལོ་རྒྱུས་ནང་བཀོད་ཡོད། 20 དེ་ནས་མཱ་ན་ཤེ་རང་གི་ཕ་མེས་དང་མཉམ་དུ་གཉིད་པ་དང་། རང་གི་ཕོ་བྲང་ནང་དུ་དུར་ལ་སྦས། ཁོའི་སྲས་ཨ་མོན་བྱ་བ་དེའི་ཚབ་ཏུ་རྒྱལ་པོར་གྱུར་ཏོ། །
ཡ་ཧུ་དཱའི་རྒྱལ་པོ་ཨ་མོན།
21 དེ་ཡང་ཨ་མོན་གྱིས་རྒྱལ་སྲིད་འཛིན་པའི་དུས་སུ་ཁོ་ལོ་ཉེར་གཉིས་ཡིན་པ་དང་། ཁོས་ཡེ་རུ་སཱ་ལེམ་དུ་ལོ་གཉིས་ཀྱི་རིང་ལ་རྒྱལ་སྲིད་བསྐྱངས། 22 ཨ་མོན་གྱིས་རང་གི་ཕ་མཱ་ན་ཤེས་བྱས་པ་བཞིན་དུ་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་སྤྱད་དེ། ཁོས་རང་གི་ཕ་མཱ་ན་ཤེས་བརྐོས་པའི་སྐུ་འདྲ་ཐམས་ཅད་ལ་མཆོད་པ་ཕུལ་ནས་ཞབས་ཕྱི་བསྒྲུབས། 23 ཡང་ཁོས་རང་གི་ཕ་མཱ་ན་ཤེས་ཁེངས་སྐྱུང་བྱས་པ་བཞིན་དུ་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཁེངས་སྐྱུང་མ་བྱས་པར། ཨ་མོན་གྱིས་སྡིག་པ་ཆེན་པོ་བྱས། 24 ཕྱིས་སུ་ཁོའི་བློན་འཁོར་རྣམས་ཀྱིས་ཁོ་ལ་ངོ་ལོག་བྱས་ནས་ཁོ་རང་གི་ཕོ་བྲང་ནས་བསད། 25 འོན་ཀྱང་ཡ་ཧུ་དཱ་པ་རྣམས་ཀྱིས་རྒྱལ་པོ་ཨ་མོན་ལ་ངོ་ལོག་པའི་མི་ཐམས་ཅད་བསད་དེ། ཁོའི་སྲས་ཡོ་ཤི་ཡཱ་ཁོའི་ཚབ་ཏུ་རྒྱལ་པོར་བཞག་པའོ། །