ལེའུ་ལྔ་པ།
ཞལ་ཆད་ཀྱི་ཤུར་སྒམ་ཕྲོགས་པས་དཀོན་མཆོག་གི་ཐུགས་དཀྲུགས་པ།
དེ་ནས་ཕེ་ལེ་ཤེད་པ་རྣམས་ཀྱིས་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་ཕྲོགས་ནས། ཨེ་བེན་ཨེ་ཟིར་ཡུལ་ནས་ཨ་སི་དོད་གྲོང་ཁྱེར་དུ་ཁྱེར་བ་དང་། ཕེ་ལེ་ཤེད་པ་རྣམས་ཀྱིས་ཞལ་ཆད་ཀྱི་ཤུར་སྒམ་དེ་དཱ་གོན་གྱི་ལྷ་ཁང་དུ་ཁྱེར་ནས་འབག་སྐུ་དེའི་འགྲམ་དུ་བཞག ཡང་ཨ་སི་དོད་པ་རྣམས་ཕྱི་ཉིན་སྔ་མོ་ལངས་པའི་ཚེ། ཀྱེ་ཧོ། དཱ་གོན་གྱི་འབག་སྐུ་ནི་དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་མདུན་དུ་ས་ལ་ཁ་སྦུབ་ཏུ་འགྲིལ་ནས་ཡོད་པ་དང་། དེ་དག་གིས་དཱ་གོན་ཡར་བསླངས་ནས་ཕྱིར་རང་གནས་སུ་བཞག དེ་ནས་དེ་དག་ཕྱི་ཉིན་སྔ་མོ་ལངས་པའི་ཚེ། ཀྱེ་ཧོ། དཱ་གོན་གྱི་འབག་སྐུ་ཡང་དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་མདུན་དུ་ས་ལ་ཁ་སྦུབ་ཏུ་འགྲིལ་ནས་ཡོད་པ་དང་། ཡང་དཱ་གོན་གྱི་འབག་སྐུའི་མགོ་དང་ལག་པ་གཉིས་སྒོ་ཐེམ་གྱི་ཁར་ཆག་སྟེ། ཤུལ་དུ་བྱང་ཁོག་འབའ་ཞིག་ལུས་པ་རེད། དེའི་ཕྱིར་དེ་རིང་གི་བར་དུ། ལྷ་ཆེན་དཱ་གོན་གྱི་མཆོད་དཔོན་དང་ཨ་སི་དོད་ལ་ཡོད་པའི་དཱ་གོན་ལྷ་ཁང་དུ་འོང་བའི་མི་སུ་ཡིན་ཡང་ཉིན་དེ་ནས་བཟུང་དཱ་གོན་ལྷ་ཁང་གི་སྒོ་ཐེམ་ལ་འགོམ་པར་མི་བྱེད་དོ། །
དཀོན་མཆོག་ཡ་ཝཱེའི་ཕྱག་གིས་ཨ་སི་དོད་པ་རྣམས་ཀྱི་སྟེང་དུ་བཀའ་ཆད་དྲག་པོ་ཕབ་པ་དང་། ཁོང་གིས་ཨ་སི་དོད་པ་དང་དེའི་ས་མཚམས་ཀྱི་བར་དུ་གཞང་འབྲུམ་གྱི་ནད་ *བསྩལ་པས། ཨ་སི་དོད་པ་རྣམས་ཀྱིས་གནས་ཚུལ་དེ་ཤེས་ནས་འདི་ལྟར། ཡེས་ར་ཨེལ་པའི་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་ངེད་རྣམས་ཀྱི་ཁྲོད་དུ་མ་འཇོག་ཅིག ཁོང་གི་ཕྱག་ནི་ངེད་ཅག་དང་ངེད་ཅག་གི་ལྷ་ཆེན་དཱ་གོན་གྱི་སྟེང་དུ་དྲག་པོ་ཡིན་ཞེས་སྨྲས་སོ། ། དེའི་ཕྱིར་དེ་དག་གིས་མི་མངགས་ཤིང་། ཕེ་ལེ་ཤེད་པའི་འགོ་དཔོན་རྣམས་དེ་དག་གི་མདུན་དུ་འཛོམས་པ་དང་འདི་ལྟར། ཡེས་ར་ཨེལ་གྱི་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་ལ་ངེད་རྣམས་ཀྱིས་ཅི་བྱ་ཞེས་དྲིས། དེ་དག་གིས་ལན་དུ། ཡེས་ར་ཨེལ་གྱི་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་ནི་གཱད་གྲོང་ཁྱེར་དུ་ཁྱེར་ཞིག་ཅེས་སྨྲས་པས། དེ་དག་གིས་ཡེས་ར་ཨེལ་གྱི་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་དེ་རུ་ཁྱེར། རྗེས་སུ་དཀོན་མཆོག་ཡ་ཝཱེའི་ཕྱག་ནི་གྲོང་ཁྱེར་དེའི་སྟེང་དུ་ལྕི་བར་གྱུར་ཏེ་འཇིགས་སྐྲག་ཆེན་པོ་བྱུང་བ་དང་། ཁོང་གིས་གྲོང་ཁྱེར་དེའི་མི་ཆེ་ཆུང་ཐམས་ཅད་ལ་གཞང་འབྲུམ་གྱི་ནད་བྱུང་དུ་བཅུག་པ་རེད། 10 དེའི་ཕྱིར། དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་ཨེག་རོན་གྲོང་ཁྱེར་དུ་བསྐྱལ། དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་ཨེག་རོན་གྲོང་ཁྱེར་དུ་སླེབས་པའི་ཚེ། ཨེག་རོན་པ་རྣམས་ཀྱིས་སྐད་ཆེན་པོ་བཏོན་ནས་འདི་ལྟར། ངེད་རྣམས་དང་ངེད་རྣམས་ཀྱི་ཡུལ་མི་ཐམས་ཅད་གསོད་པའི་ཕྱིར་ཡེས་ར་ཨེལ་གྱི་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་ངེད་རྣམས་ཀྱི་མདུན་དུ་ཁྱེར་ཡོང་བ་རེད་ཅེས་སྨྲས། 11 དེའི་ཕྱིར་དེ་དག་གིས་མི་མངགས་ཏེ། ཕེ་ལེ་ཤེད་པའི་འགོ་དཔོན་རྣམས་བསྡུས་ནས་དེ་དག་ལ་འདི་ལྟར་སྨྲས་པ། བདག་ཅག་དང་བདག་ཅག་གི་བུ་རྒྱུད་མི་གསོད་པའི་ཕྱིར་ཡེས་ར་ཨེལ་གྱི་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་འདི་ནས་ཁྱེར་ཏེ། ཕྱིར་རང་གནས་སུ་འགྲོ་རུ་ཆུག་ཅེས་པའོ། །སྤྱིར་གྲོང་ཁྱེར་ཐམས་ཅད་ཀྱི་ནང་དུ་འཇིགས་སྐྲག་འཆི་བ་ལ་ཐུག་པ་ཞིག་བྱུང་བ་དང་། དཀོན་མཆོག་གི་ཕྱག་གིས་བཀའ་ཆད་དྲག་པོ་ཕབ་པ་རེད། 12 ཡང་འཆི་བར་མ་གྱུར་པའི་མི་ཐམས་ཅད་ལ་གཞང་འབྲུམ་གྱི་ནད་འགོས་པ་དང་། གྲོང་ཁྱེར་དེའི་ངུ་སྐད་ནི་ནམ་མཁའི་ཞིང་ཁམས་བར་དུ་ཁྱབ་པའོ། །
* ལེའུ་ལྔ་པ།:6 གཞང་འབྲུམ་གྱི་ནད་ཅེས་པའི་མ་ཕྱིའི་གོ་དོན་ནི་སྐྲང་སྦོས་ཙམ་གྱི་དོན་ཡིན་མོད། གསུང་རབ་རྒྱ་འགྱུར་ཁག་ཅིག་ལྟར་ན། བྱི་རིམས་སམ་གཞང་འབྲུམ་དུ་བསྒྱུར་བཞག་པའང་ཡོད་པས་འདིར་ཡང་དེ་གར་བསྟུན་པ་ཡིན།