ལེའུ་ཉེར་གཉིས་པ།
དཱ་བིད་ཀྱི་བསྟོད་གླུ།
དཀོན་མཆོག་ཡ་ཝཱེས་དཱ་བིད་ནི་དེའི་དགྲ་བོ་ཐམས་ཅད་དང་སོ་ལོའི་ལག་ནས་བསྐྱབས་པའི་ཉིན་ལ། ཁོང་གིས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་མགུར་མ་འདིའི་ཚིག་རྣམས་ཞུས་པ་སྟེ། ང་ཡི་བྲག་རྡོ་དང་ནི་རི་རྫོང་དང་། །ང་ཡི་སྲོག་སྐྱོབ་ཡ་ཝཱེ་ཁོང་ཉིད་ཡིན། ། ང་ཡི་དཀོན་མཆོག་བདག་གི་ཕ་བོང་ལགས། །ཁྱེད་ནི་ང་རང་སྐྱབས་སུ་འགྲོ་ས་ཡིན། །ང་ཡི་ཕུབ་དང་ཐར་པའི་རྭ་དུང་ *དང་། །བདག་གི་བཙན་རྫོང་དང་ནི་སྐྱབས་གནས་ལགས། །གདུག་རྩུབ་ཅན་ལས་བསྐྱབས་ནས་ཐར་མཛད་པ། །ཀྱེ་ཀྱེ་ང་ཡི་སྐྱབས་མགོན་ཁྱེད་ཉིད་དོ། ། བསྟོད་པར་འོས་པའི་ཡ་ཝཱེ་ང་ཡིས་འབོད། །དེ་ནས་ང་རང་དགྲ་བོ་ཀུན་ལས་ཐར། ། འཆི་བའི་རྦ་རླབས་ཀྱིས་ནི་བདག་མཐའ་བསྐོར། །འཇོམས་བྱེད་དྲག་བཞུར་ཆུ་བོས་ང་རང་བསྣུབས། ། གཤིན་པོའི་ཡུལ་གྱི་ཐག་པས་བདག་ནི་འཁྲིས། །འཆི་བའི་རྙི་རྒྱ་ང་ཡི་སྟེང་དུ་བབས། ། དཀའ་སྡུག་མྱོང་དུས་བདག་གིས་ཡ་ཝཱེ་བོས། །རང་གི་དཀོན་མཆོག་ཉིད་ལ་ཆོ་ངེ་བཏོན། །མཆོད་ཁང་ནང་དུ་བདག་གི་སྐད་གསན་ཅིང་། །བདག་གི་སྨྲེ་སྔགས་ཁོང་གི་སྙན་དུ་ཆུད། ། དེའི་དུས་ས་གཞི་འགུལ་ཞིང་འདར་བ་དང་། །ནམ་མཁའི་གཏིང་གཞི་ཀུན་ནས་གཡོས་པ་སྟེ། །ཡ་ཝཱེ་ཁོང་ཉིད་ཁྲོས་པའི་རྐྱེན་ལས་བྱུང་། ། ཁོང་གི་ཤངས་ལས་དུ་བ་སྟུག་པོ་འཕྱུར། །ཁོང་གི་ཞལ་ལས་མེ་དཔུང་དྲག་པོ་འབར། །ཐ་ན་སོལ་བ་ཡང་ནི་མེ་ལ་སྦར། ། 10 ཁོང་གིས་ནམ་མཁའ་དཔྱངས་ནས་མར་ཕེབས་ཤིང་། །ཁོང་གི་ཞབས་འོག་སྤྲིན་ནག་སྟུག་པོ་འཁྲིགས། ། 11 ཁོང་ནི་ཀེ་རུབ་ཅིག་ལ་བཅིབས་ནས་འཕུར། །རླུང་གི་གཤོག་པའི་རྩེ་མོར་མངོན་པར་མཛད། ། 12 ཁོང་ནི་སྨག་རུམ་དང་ནི་ཆུ་ཆེན་དང་། །ཆར་སྤྲིན་ནག་པོ་ཕྱོགས་བཞིའི་ཡོལ་བར་མཛད། ། 13 ཁོང་ལས་འཁྱུགས་པའི་གློག་དམར་དྲག་པོ་ཡིས། །སོལ་བ་ཡང་ནི་མེ་རུ་སྦར་བ་འོ། ། 14 ཡ་ཝཱེས་ནམ་མཁར་འབྲུག་སྒྲ་ལྡིར་བ་དང་། །བླ་ན་མེད་པ་ཉིད་ཀྱིས་གསུང་སྐད་བསྒྲགས། ། 15 མདའ་མོ་འཕངས་ནས་དགྲ་རྣམས་ཕྱོགས་བཞིར་གཏོར། །གློག་དམར་འཁྱུགས་ཏེ་ཁོ་རྣམས་བཅོམ་པ་འོ། ། 16 ཡ་ཝཱེས་བཀའ་བཀྱོན་གནང་བ་དང་། །ཤངས་ལས་དབུགས་ཤིག་ཐོན་མ་ཐག །རྒྱ་མཚོའི་མཐིལ་ནི་སྣང་བར་གྱུར། །ས་གཞིའི་རྨང་ཡང་ཕྱི་རུ་མངོན། ། 17 སྟེང་ནས་ཕྱག་ཟུང་བརྐྱངས་ཏེ་ང་ནི་ཟིན། །གཏིང་ཟབ་ཆུ་ལས་ང་རང་ཡར་དྲངས་སོ། ། 18 ཁོང་གིས་ང་ནི་དགྲ་བོ་སྟོབས་ཆེན་དང་། །ང་ལ་སྡང་བ་རྣམས་ལས་བསྐྱབས་པ་སྟེ། །དེ་རྣམས་ང་ལས་སྟོབས་བོ་ཆེ་ཕྱིར་རོ། ། 19 ཆག་སྒོའི་ཉིན་མོར་ཁོ་རྣམས་ང་ལ་རུབས། །འོན་ཀྱང་ཡ་ཝཱེ་བདག་གི་སྐྱབས་གནས་ཡིན། ། 20 ཁོང་གིས་ང་རང་ས་ཁོད་ཡངས་སར་ཁྲིད། །ཁོང་ནི་བདག་ལ་མཉེས་པས་བདག་ནི་བསྐྱབས། ། 21 བདག་གི་དྲང་བདེན་བཞིན་དུ་གསོལ་རས་བསྩལ། །ལག་པ་གཙང་བ་ལྟར་དུ་ཨ་ལན་གནང་། ། 22 རྒྱུ་མཚན་བདག་གིས་ཡ་ཝཱེའི་ལམ་རྣམས་བསྲུངས། །ངན་པར་སྤྱད་ནས་དཀོན་མཆོག་བསྐྱུར་པ་མེད། ། 23 ཁོང་གི་ཁྲིམས་སྲོལ་ཐམས་ཅད་མདུན་དུ་མཆིས། །ཁོང་གི་སྒྲིག་ཁྲིམས་ནམ་ཡང་སྤངས་པ་མིན། ། 24 ཁོང་གི་ཞལ་དྲུང་ང་རང་སྐྱོན་དང་བྲལ། །རང་ཉིད་ཉེས་སྐྱོན་རྣམས་ལས་བསྲུངས་པ་ཡིན། ། 25 དེའི་ཕྱིར་ཡ་ཝཱེས་ང་ཡི་དྲང་བདེན་དང་། །ཁོང་གི་སྤྱན་སྔར་ང་རང་གཙང་བ་བཞིན། །དེ་དང་མཐུན་པའི་གསོལ་རས་ང་ལ་གནང་། ། 26 བྱམས་བརྩེ་ཅན་ལ་ཁྱེད་ཀྱིས་བྱམས་བརྩེས༌སྐྱོང༌། །ཉེས་མེད་མི་ལ་ཁྱེད་ཀྱིས་ལྷག་བསམ༌མངོན། ། 27 དྭངས་གཙང་མི་ལ་ཁྱེད་ཀྱིས་རྣམ་དག་མངོན། །གཡོ་སྒྱུ་ཅན་ལ་ཁྱེད་ཀྱིས་མཁས་མཛངས་སྤྱོད། ། 28 ཉམ་ཐག་མི་རྣམས་ཁྱེད་ཀྱིས་སྐྱོབ་པ་དང་། །ཁྱེད་ཀྱི་སྤྱན་གྱིས་རང་མཐོང་ཅན་རྣམས་གཟིགས། །ཁྱེད་ཀྱིས་དེ་རྣམས་སྨད་པར་མཛད་པ་འོ། ། 29 ཡ་ཝཱེ་ཁྱེད་ནི་བདག་གི་སྒྲོན་མེ་ལགས། །ཁྱེད་ཀྱིས་བདག་གི་མུན་པར་འོད་ཟེར་སྤྲོས། ། 30 ཁྱེད་ལ་བརྟེན་ནས་དགྲ་བོའི་དམག་དཔུང་གཏོར། །དཀོན་མཆོག་མཉམ་དུ་ལྕགས་རིར་རྒྱང་མཆོང་བྱེད། ། 31 དཀོན་མཆོག་ཁོང་གི་ལམ་ནི་རྣམ་དག་ཡིན། །ཡ་ཝཱེའི་བཀའ་ནི་དྲི་མ་མེད་པ་ལགས། །སྐྱབས་བཅོལ་རྣམས་ཀྱི་ཕུབ་ནི་ཁོང་ཉིད༌ཡིན། ། 32 ཡ་ཝཱེ་མ་གཏོགས་དཀོན་མཆོག་གཞན་སུ་ཡོད། །དཀོན་མཆོག་ལས་གཞན་བྲག་རྡོ་སུ་ཡིན་ནམ། ། 33 དཀོན་མཆོག་ཁོང་ཉིད་བདག་གི་བཙན་རྫོང་ལགས། །བདག་གི་སྤྱོད་ལམ་ཕུལ་དུ་བྱུང་བར་མཛད། ། 34 ཁོང་གིས་བདག་ལ་ཤྭ་མོའི་བདེ་མྱུར་བསྩལ། །མཐོན་པོའི་གནས་སུ་བརྟན་པོར་ཚུགས་པར་མཛད། ། 35 འཐབ་མོ་འགྱེད་ལུགས་བདག་གི་ལག་པར་བསླབ། །དཔུང་པས་ལི་གཞུ་འགུག་ཀྱང་ནུས་པར་མཛད། ། 36 ཁྱེད་ཀྱི་ཐར་པའི་ཕུབ་ནི་ང་ལ་གནང་། །བཀའ་ལན་བཟང་པོས་ང་རང་ཆེན་པོར་མཛད། ། 37 གོམ་པ་སྤོ་སའི་ལམ་ནི་ཡངས་པར་མཛད། །བདག་གི་རྐང་པ་ནམ་ཡང་འདྲེད་མ་གྱུར། ། 38 རང་གི་དགྲ་རྣམས་དེད་ནས་ཚར་དུ་བཅད། །རྩ་མེད་གཏོང་བའི་བར་དུ་ཕྱིར་མ་ལོག ། 39 བདག་གིས་དེ་རྣམས་རྩ་མེད་བཏང་ནས་ནི། །དེ་དག་རྨས་ཤིང་ལང་རྒྱུ་མེད་པར་བཟོས། །དེ་རྣམས་ང་ཡི་རྐང་འོག་ས་རུ་འགྱེལ། ། 40 འཐབ་ཕྱིར་ང་ལ་སྟོབས་ཀྱི་སྐ་རགས༌བཅིངས། །དགྲ་རུ་ལང་མཁན་ང་ཡི་རྐང་འོག༌བཅུག ། 41 དགྲ་རྣམས་ང་ཡི་མདུན་ནས་འབྲོ་མཛད་པས། །ང་ལ་སྡང་བའི་མི་རྣམས་བཅོམ་པ་ཡིན། ། 42 དེ་ཚོས་རེ་སྒུག་བྱས་ཀྱང་སྐྱོབ་མཁན་མེད། །ཡ་ཝཱེ་བོས་ཀྱང་ཁོང་གིས་ལན་མ་གསུངས། ། 43 རྡུལ་ལྟར་བདག་གིས་དེ་དག་ཕྱེ་མར་བཏགས། །ལམ་གྱི་འདམ་བཞིན་དེ་རྣམས་བརྫིས་ནས་གཡུགས། ། 44 འབངས་ཀྱི་རྩོད་གླེང་ལས་བདག་ཐར་བར་མཛད། །མི་རིགས་རྣམས་ཀྱི་མགོན་དུ་ང་རང་བསྲུངས། །རྒྱུས་མེད་མི་སྡེས་ང་ལ་ཞབས་ཕྱི་སྒྲུབ། ། 45 ཕྱི་ཕྱོགས་མི་རྣམས་བདག་ལ་མགོ་འདོགས་ཤིང་། །ཐོས་པ་ཙམ་གྱིས་དེ་ཚོས་ང་ལ་མཉན། ། 46 ཁོ་རྣམས་ཀུན་པོ་ཉམས་རྒུད་དུ་གྱུར་ཅིང་། །སྐྲག་ནས་འདར་བཞིན་བཙན་རྫོང་དག་ནས་ཐོན། ། 47 ཡ་ཝཱེ་ཁོང་ནི་གཏན་དུ་གསོན་པོར་བཞུགས། །བདག་གི་བྲག་རྡོར་བསྟོད་བསྔགས་བརྗོད་པར་ཤོག །དཀོན་མཆོག་ཉིད་དེ་ང་རང་སྐྱོབ་མཁན་གྱི། །བྲག་རྡོ་ཁོང་ལ་བཀུར་བསྟི་འབྱུང་བར་ཤོག ། 48 དཀོན་མཆོག་ང་ཡི་དགྲ་ཤ་ལེན་མཁན་ཡིན། །མི་སྡེ་རྣམས་ནི་ང་ཡི་དབང་དུ་བཀོད། ། 49 ཁྱེད་ཀྱིས་ང་རང་དགྲ་ལས་ཐར་བར་མཛད། །བདག་གི་དགྲ་ཟླ་རྣམས་ལས་མཐོན་པོར་བཏེགས། །གདུག་རྩུབ་ཅན་ལས་ང་ནི་བསྐྱབས་པ་འོ། ། 50 ཀྱེ་ཀྱེ་ཡ་ཝཱེ་དེའི་ཕྱིར་བདག་གིས་ནི། །མི་རིགས་རྣམས་ཀྱི་དཀྱིལ་ནས་ཁྱེད་ལ་བསྔགས། །ཁྱེད་ཀྱི་མཚན་ལ་བསྟོད་པའི་མགུར་མ་འབུལ། ། 51 ཡ་ཝཱེས་མཆོག་ཏུ་གྱུར་པའི་ཐར་པ་ནི། །ཁོང་གིས་བསྐོས་པའི་རྒྱལ་པོར་གནང་བ་དང་། །སྣུམ་གྱིས་བྱུགས་པར་བྱམས་བརྩེ་དཔག་མེད་མཛད། །དཱ་བིད་དང་ནི་ཁོང་གི་བུ་རྒྱུད་རྣམས། །རྒྱུན་ནས་རྒྱུན་དུ་བྱམས་བརྩེས་སྐྱོང་བ་འོ། །ཞེས་པའོ། །
* ལེའུ་ཉེར་གཉིས་པ།:3 འདིར་རྭ་དུང་ཞེས་པ་ནི་དཀོན་མཆོག་ཡ་ཝཱེའི་མཐུ་སྟོབས་ལ་འཇུག ལེའུ་ཉེར་གཉིས་པ།:11 ཀེ་རུབ་ཅེས་པ་ནི་དཀོན་མཆོག་གི་ཕོ་ཉའི་རིགས་སུ་གཏོགས་པ་དང་ནུས་པ་ཁྱད་པར་ཅན་ཞིག་ཡིན།