ལེའུ་དགུ་པ།
དཱ་བིད་དང་མེ་ཕི་པོ་ཤེད།
ཡང་དཱ་བིད་ཀྱིས། སོ་ལོའི་ཁྱིམ་དུ་ད་དུང་མི་རེ་ལུས་སམ། ངས་ཡོ་ནཱ་ཐན་གྱི་ཕྱིར་དེ་ནི་བྱམས་བརྩེས་སྐྱོང་བར་བྱ་ཞེས་དྲིས་པར། སོ་ལོའི་ཁྱིམ་དུ་མིང་ལ་ཙི་བཱ་ཞེས་བྱ་བའི་ཞབས་ཕྱི་ཞིག་ཡོད་པ་དཱ་བིད་ཀྱི་དྲུང་དུ་བོས་ཤིང་། རྒྱལ་པོས་དེ་ལ་ཁྱོད་ཙི་བཱ་ཡིན་ནམ་ཞེས་དྲིས་པ་ལ། མི་དེས་ཞབས་ཕྱི་བདག་ཡིན་ནོ་ཞེས་ཞུས་སོ། ། ཡང་རྒྱལ་པོས་ཁོ་ལ། སོ་ལོའི་ཁྱིམ་དུ་ད་དུང་མི་ཡོད་དམ། ངས་དཀོན་མཆོག་གི་བྱམས་བརྩེས་དེ་ནི་སྐྱོང་བར་བྱ་ཞེས་གསུངས་པས། ཙི་བཱ་ཡིས་རྒྱལ་པོ་ལ། ད་དུང་ཡོ་ནཱ་ཐན་གྱི་བུ་ཞིག་ཡོད་དེ། རྐང་པ་གཉིས་ཀ་ཞ་བོ་ཡིན་ཞེས་ཞུས། ཡང་རྒྱལ་པོས་ཁོ་ལ། དེ་གང་དུ་ཡོད་དམ་ཞེས་དྲིས་པར་ཙི་བཱ་ཡིས་རྒྱལ་པོ་ལ། ཁོ་ནི་ལོ་རྡེ་བཱར་ཡུལ་དུ་ཨམ་མེ་ཨེལ་གྱི་བུ་མཱ་ཀིར་ཞེས་པའི་ཁྱིམ་དུ་ཡོད་ཅེས་ཞུས། དེ་ནས་རྒྱལ་པོ་དཱ་བིད་ཀྱིས་མི་མངགས་ཤིང་། ཁོ་རང་ལོ་རྡེ་བཱར་ཡུལ་གྱི་ཨམ་མེ་ཨེལ་གྱི་བུ་མཱ་ཀིར་གྱི་ཁྱིམ་ནས་ཁྲིད་འོངས་པ་རེད། ཡང་སོ་ལོའི་ཚ་བོ་སྟེ་ཡོ་ནཱ་ཐན་གྱི་བུ་མེ་ཕི་པོ་ཤེད་བྱ་བ་དེ་དཱ་བིད་ཀྱི་དྲུང་དུ་འོངས་ནས་ཕྱག་བཙལ་ཏོ། །དེར་དཱ་བིད་ཀྱིས་ཀྱེ་མེ་ཕི་པོ་ཤེད་ཅེས་གསུངས་པ་དང་། དེས་ལན་དུ་ཁྱེད་ཀྱི་ཞབས་ཕྱི་འདི་རུ་ཡོད་ཅེས་ཞུས། ཡང་དཱ་བིད་ཀྱིས་དེ་ལ། མ་འཇིགས་ཤིག ཁྱོད་ཀྱི་ཡབ་ཡོ་ནཱ་ཐན་གྱི་རྐྱེན་གྱིས་ངས་ཁྱོད་རང་བྱམས་བརྩེས་བསྐྱང་བར་བྱ་སྟེ། ཁྱོད་ཀྱི་ཕ་མེས་སོ་ལོའི་ས་ཞིང་ཐམས་ཅད་ཁྱོད་ལ་ཟློག་པར་བྱ། ཁྱོད་ཀྱིས་རྒྱུན་དུ་ང་དང་གསོལ་ལྕོག་གཅིག་ལས་ཁ་ཟས་ལོངས་སུ་སྤྱོད་པར་འགྱུར་རོ་ཞེས་གསུངས་པ་དང་། མེ་ཕི་པོ་ཤེད་ཀྱིས་ཕྱག་བཙལ་ཏེ་ཁོང་ལ། ཞབས་ཕྱི་ང་ནི་ཅི་ཡིན་ནམ། ཁྱེད་ཀྱིས་ཁྱི་ཤི་རོ་ལྟ་བུའི་ཞབས་ཕྱི་བདག་ལ་འདི་ལྟར་གཟིགས་སྐྱོང་གནང་བ་ཅི་ཞེས་ཞུས་སོ། ། དེ་ནས་རྒྱལ་པོས་སོ་ལོའི་ཞབས་ཕྱི་ཙི་བཱ་བོས་ནས་དེ་ལ། སོ་ལོ་དང་དེའི་ཁྱིམ་དུ་གང་ཡོད་པ་ཐམས་ཅད་ངས་ཁྱོད་ཀྱི་བདག་པོའི་ཚ་བོ་ལ་སྤྲད་པ་ཡིན། 10 ཁྱོད་དང་ཁྱོད་ཀྱི་བུ་དང་། ཁྱོད་ཀྱི་ཞབས་ཕྱི་རྣམས་དང་བཅས་པས་ཁྱོད་ཀྱི་བདག་པོའི་བུ་མེ་ཕི་པོ་ཤེད་ཀྱི་དོན་དུ་ས་ཞིང་འདེབས་དགོས་ཤིང་། སྟོན་ཐོག་ཁོ་ལ་ཁ་ཟས་སུ་འབུལ་དགོས། ཡང་ཁོས་ནི་རྒྱུན་དུ་ང་དང་གསོལ་ལྕོག་གཅིག་ལས་ཁ་ཟས་ལོངས་སུ་སྤྱོད་པར་འགྱུར་རོ་ཞེས་བཀའ་གནང་། ཙི་བཱ་ལ་བུ་བཅོ་ལྔ་དང་ཞབས་ཕྱི་ཉི་ཤུ་ཡོད་པ་ཡིན་ནོ། ། 11 དེ་ནས་ཙི་བཱ་ཡིས་རྒྱལ་པོར། ངའི་ཇོ་བོ་དང་ངའི་རྒྱལ་པོ་ཁྱེད་ཀྱིས་ཅི་གསུངས་ཐམས་ཅད་ཞབས་ཕྱི་བདག་གིས་བསྒྲུབ་ངེས་ཡིན་ཞེས་ཞུས་སོ། །ཡང་མེ་ཕི་པོ་ཤེད་ནི་རྒྱལ་པོའི་སྲས་བཞིན་རྒྱལ་པོ་དང་མཉམ་དུ་གསོལ་ལྕོག་གཅིག་ལས་ཁ་ཟས་ལ་རོལ་བའོ། ། 12 ཡང་མེ་ཕི་པོ་ཤེད་ལ་མི་ཀཱ་བྱ་བའི་བུ་ཆུང་བ་ཞིག་ཡོད་ཅིང་། ཙི་བཱ་ཡི་ཁྱིམ་དུ་གནས་པ་ཐམས་ཅད་ནི་མེ་ཕི་པོ་ཤེད་ཀྱི་ཞབས་ཕྱི་རུ་གྱུར་ཏོ། ། 13 དེ་ལྟར་མེ་ཕི་པོ་ཤེད་ནི་ཡེ་རུ་སཱ་ལེམ་དུ་གནས་ཏེ། རྒྱུན་དུ་རྒྱལ་པོ་དང་གསོལ་ལྕོག་གཅིག་ལས་ཁ་ཟས་ལ་རོལ་བ་དང་། ཁོའི་རྐང་པ་གཉིས་ཀ་ཞ་བོ་ཡིན་ནོ། །