༄༅། །ཐི་མོ་ཐེ་ལ་སྤྲིངས་པའི་འཕྲིན་ཡིག་དང་པོ།
ཐི་མོ་ཐེ་ལ་སྤྲིངས་པའི་འཕྲིན་ཡིག་དང་པོའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
ཕོལ་ལོལ་ཁོང་ཉིད་ཐེངས་བཞི་པར་ཆོས་སྤེལ་དུ་ཕྱིན་པའི་དུས་སུ། ཐི་མོ་ཐེ་ལ་ཨེ་ཕེ་སི་རུ་ཡོད་པའི་ཆོས་ཚོགས་ལ་བདག་སྐྱོང་བྱེད་པའི་སྐོར་ནས་སློབ་སྟོན་གནང་བ་ཡིན། དེ་ནི་ཕོལ་ལོལ་ཁོང་ཉིད་མ་ཀེ་དོན་ཡཱ་ཡུལ་དུ་འགྲོ་འདོད་པའི་དུས་ལ་ཁེལ་ཡོད། ཕོལ་ལོལ་གྱིས་རང་ཉིད་ཨེ་ཕེ་སི་ལ་སླར་ཡང་འགྲོ་མི་ཐུབ་པ་རྟོགས་ནས་ཐི་མོ་ཐེ་ལ་འཕྲིན་ཡིག་དང་པོ་འདི་བྲིས་པ་ཡིན། ཁོང་གིས་རང་ཉིད་ཐི་མོ་ཐེ་ལ་འཕྲད་དུ་འགྲོ་འདོད་པ་འཕྲིན་ཡིག་འདི་ལས་ཡང་དང་བསྐྱར་དུ་བརྗོད་པར་བལྟས་ན། འཕྲིན་ཡིག་འདི་འབྲི་དུས་ཕོལ་ལོལ་བཙོན་དུ་སྦྱར་མེད་པ་རྟོགས་ཐུབ།
ཡི་གེར་འགོད་མཁན་དང་འགོད་དུས།
སྔ་རབས་ཆོས་ཚོགས་ཀྱི་སྲོལ་རྒྱུན་དང་ཡེ་ཤུའི་ཆོས་ལུགས་ཀྱི་བདག་སྐྱོང་པའི་འཕྲིན་ཡིག་སྟེ་ཐི་མོ་ཐེ་དང་པོ་དང་གཉིས་པ། ཐེ་ཏུའི་འཕྲིན་ཡིག་བཅས་ཀྱི་ངོ་སྤྲོད་རྣམས་ལ་བལྟས་ན། འཕྲིན་ཡིག་འདི་ཡི་གེར་འགོད་མཁན་ནི་ཕོལ་ལོལ་ཡིན་པར་ར་སྤྲོད་བྱས་ཡོད་ལ། འཕྲིན་ཡིག་འདི་ནི་སྤྱི་ལོ་64ལོའི་ཡས་མས་སུ་ཡི་གེར་བཀོད་པ་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
ཕོལ་ལོལ་གྱིས་ཐི་མོ་ཐེ་ལ་ཆོས་ཚོགས་ཇི་ལྟར་སྐྱོང་དགོས་པའི་སྐོར་གྱི་སློབ་སྟོན་གནང་ཞིང་། རང་གི་ཕྱག་རོགས་གཞོན་པ་ཐི་མོ་ཐེ་ལ་དགེ་རྒན་རྫུས་མ་རྣམས་ཀྱི་སྨྲ་སྒོ་གཅོད་དགོས་པ་དང་། ཨེ་ཕེ་སི་རུ་ཡོད་པའི་ཆོས་ཚོགས་ཀྱི་བྱ་བར་བདག་སྐྱོང་བྱེད་པའི་ལས་འགན་སྐོར་གསལ་པོར་སྨྲ་བའི་ཕྱིར་དུ་འཕྲིན་ཡིག་འདི་སྤྲིངས་པ་ཡིན། ཆོས་ཚོགས་དེའི་རྙོག་དྲ་གཙོ་བོ་ཞིག་ནི་ཆོས་ལོག་གི་གྲུབ་མཐའ་ནཱ་སི་ཊི་སེམ་༼Gnosticism༽ཞེས་པའི་གཞུང་ལུགས་དང་ཡ་ཧུ་དཱ་པའི་མི་རིགས་རིང་ལུགས། ཚངས་སྤྱོད་ཀྱི་ཉམས་ལེན་གསུམ་མཉམ་དུ་འདྲེས་ནས་ཆོས་ལོག་གཞན་ཞིག་བྱུང་ཡོད་པ་དེ་ཡིན།
འཆར་ཟིན།
1. དགེ་རྒན་རྫུས་མ་རྣམས་ཀྱི་སྐོར་ལ་ཉེན་བརྡ་གཏོང་བ། ༼1:1-11༽
2. དཀོན་མཆོག་གིས་ཕོལ་ལོལ་ལ་ཐུགས་རྗེས་གཟིགས་པའི་སྐོར། ༼1:12-17༽
3. བསམ་པ་རྣམ་དག་བཅང་དགོས་པར་གདམས་པ། ༼1:18-20༽
4. ཆོས་ཚོགས་ལ་སློབ་སྟོན་མཛད་པའི་སྐོར། ༼2:1-3:16༽
5. དགེ་རྒན་རྫུས་མ་རྣམས་ལ་དོགས་ཟོན་བྱེད་དགོས་པའི་སློབ་སྟོན་གནང་བ། ༼4:1-16༽
6. དད་ལྡན་རྣམས་སྐྱོང་བའི་འགན་འཁུར། ༼5:1-6:2༽
7. གནད་དོན་སྣ་ཚོགས་ཀྱི་སྐོར། ༼6:3-21༽
ལེའུ་དང༌པོ།
འཕྲིན་ཡིག་བསྐུར༌ཡུལ།
1 དེ་ཡང་ཕོལ་ལོལ་ང་རང་ནི་བདག་ཅག་གི་སྐྱབས་མགོན་དཀོན་མཆོག་དང་བདག་ཅག་གིས་རེ་སྨོན་བྱེད་པའི་མཱ་ཤི་ཀ་ཡེ་ཤུའི་བཀའ་བཞིན་དུ་ཁོང་གི་སྐུ་ཚབ་པ་ཞིག་ཡིན་ནོ།།
2 འཕྲིན་ཡིག་འདི་ནི་དད་པ་བརྒྱུད་ནས་རང་གི་བུ་དངོས་སུ་གྱུར་པ་ཐི་མོ་ཐེ་ལ་སྤྲིངས་པ་ཡིན༌ཏེ། ཡབ་དཀོན་མཆོག་དང་བདག་ཅག་གི་གཙོ་བོ་མཱ་ཤི་ཀ་ཡེ་ཤུས་ཁྱོད་ལ་བྱམས་དང་སྙིང༌རྗེ། ཞི་བདེ་བཅས་གནང་བར༌སྨོན།
དགེ་རྒན་རྫུས་མར་དོགས་ཟོན་བྱེད༌པའི་སྐོར།
3 སྔོན་ཆད་ང་རང་མ་ཀེ་དོན་ཡཱ་ཡུལ་དུ་འགྲོ་བའི་དུས༌སུ། ཁྱོད་རང་སྔར་བཞིན་ཨེ་ཕེ་སི་རུ་སྡོད༌པར་ནན་གྱིས་བསྐུལ་མྱོང་བ་ཡིན། དེ་ནི་ཁྱོད་ཀྱིས་ལོག་ལྟ་ཅན་དེ་དག་ལ་ལོག་ཁྲིད་མི་བྱེད་པ༌དང༌།
4 ཁུངས་ལུང་མེད་པའི་གཏམ་རྒྱུད་དང༌། རྫོགས་མཐའ་མེད་པའི་ཁྱིམ་རྒྱུད་ཀྱི་སྟོང་བཤད་ལའང་མགོ་བོ་འཁོར་མི་རུང་ཞེས་ཁ་བསྒོ་གཏོང་ཐུབ་པའི་ཕྱིར༌ཡིན་ལ། ལས་འདི་རིགས་ཀྱིས་དོན་སྙིང་མེད་པའི་རྩོད་པ་སློང་བ་ལས། དད་པར་བརྟེན་ནས་བསྒྲུབ་འོས་པའི་དཀོན་མཆོག་གི་དགོངས་དོན་ཐད་ལ་ཕན་ཐོགས་ཅི་ཡང་མེད་དོ།།
5 འོན་ཀྱང༌། བཀའ་འདིའི་དམིགས་དོན་ནི་བྱམས་པ་ཡིན༌ཏེ། རྣམ་པར་དག་པའི་སེམས་དང༌། བསམ་པ་རྣམ་དག གཡོ་ཟོལ་མེད་པའི་དད་སེམས་བཅས་ལས་བྱུང་བ་ཡིན་ནོ།།
6 ཡང་མི་འགའ་ཤས་ཀྱིས་དོན་འདི་དག་དང་ཁ་བྲལ་ནས་སྙིང་པོ་མེད་པའི་གཏམ་སྨྲ་བར་བྱེད༌ཅིང༌།
7 བཀའ་ཁྲིམས་ཀྱི་དགེ་རྒན་བྱེད་འདོད༌ཀྱང༌། རང་གིས་ཅི་ཞིག་གླེང་བཞིན་པ་དང་སྤོབས་པའི་ངང་ནས་ཅི་ཞིག་བསྒྲག་པའང་མི་ཤེས༌སོ།།
8 སུ་ཞིག་གིས་བཀའ་ཁྲིམས་འོས་ཤིང་འཚམ་པར་བཀོལ༌ན། བཀའ་ཁྲིམས་དེ་ནི་ལེགས་པོ་ཡིན་པ་བདག་ཅག་གིས་ཤེས༌སོ།།
9 བཀའ་ཁྲིམས་ནི་མི་གཞུང་དྲང་རྣམས་ཀྱི་ཆེད་དུ་བཙུགས་པ་མ་ཡིན༌པར། ཁྲིམས་མེད་ལུགས་མེད་དང་བསླབ་བྱར་མི་ཉན༌པ། དཀོན་མཆོག་ལ་དད་གུས་མེད༌པ། སྡིག་པ༌ཅན། དམ་པ་མ་ཡིན་པ་དང་ཐ་མལ་བ་ལ་ཞེན་ཆགས་པ། ཕ་མ་དང་མི་གསོད༌མཁན།
10 ལོག་གཡེམ་བྱེད་མཁན། ཕོ་ཡིས་ཕོ་ལ་འཁྲིག་པ་སྤྱོད་མཁན། མི་ཚོང་རྒྱག་མཁན། རྫུན་སྨྲ༌མཁན། དམ་བཅའ་རྫུན་མ་འཇོག་མཁན་བཅས༌དང༌། ཡང་དག་པའི་བསྟན་པ་དང་མི་མཐུན་པའི་དོན་གང་ཞིག་གི་ཆེད་དུ་བཙུགས་པ་ནི་བདག་ཅག་གིས་ཀྱང་ཤེས༌པ་ཡིན།
11 དོན་འདི་ནི་བསྔགས་པར་འོས་པའི་དཀོན་མཆོག་གིས་གཟི་བརྗིད་ལྡན་པའི་འཕྲིན་བཟང་དེ་ཉིད་བདག་ལ་བཅོལ་བ་བཞིན༌ནོ།།
ཕོལ་ལོལ་གྱི་བདེན༌དཔང༌།
12 བདག་ལ་མཐུ་སྟོབས་གནང་མཁན་ཏེ་བདག་ཅག་གི་གཙོ་བོ་མཱ་ཤི༌ཀ་ཡེ་ཤུས། བདག་ནི་བློ་སེམས་དཀར་པོ་ཡིན་པ་གཟིགས་ནས་ཁོང་གི་ཞབས་ཕྱི་པར་བསྐོས་པས་ངས་ཁོང་ལ་ཐུགས་རྗེ༌ཆེ་ཞུའོ།།
13 སྔོན་ཆད་ང་རང་ནི་དཀོན་མཆོག་ལ་སྐུར་བ་འདེབས་མཁན༌དང༌། དད་ལྡན་རྣམས་ལ་གཉའ་གནོན་བྱེད་མཁན༌དང༌མི་གདུག་རྩུབ་ཅན་ཞིག་ཡིན༌མོད། འོན་ཀྱང་དེ་ནི་བདག་ལ་དད་པ་མེད་པ་དང་ཅི་ཡང་མི་ཤེས་པའི་དུས་སུ་བྱས་པ་ཡིན༌པས། དཀོན་མཆོག་གིས་བདག་ལ་ཐུགས་རྗེ་དགོངས་པ༌དང༌།
14 བདག་ཅག་གི་གཙོ་བོའི་ཐུགས་རྗེ་ནི་ལྷག་ཏུ་ཕུན་སུམ་ཚོགས་པ་ཡིན༌པས། བདག་ལའང་མཱ་ཤི་ཀ་ཡེ་ཤུའི་ནང་དུ་དད་སེམས་དང་བྱམས་པ་ལྡན་པར་གྱུར༌ཏོ།།
15 མཱ་ཤི་ཀ་ཡེ་ཤུ་ནི་སྡིག་ཅན་རྣམས་སྐྱོབ་པའི༌ཕྱིར། འཇིག་རྟེན་དུ་ཕེབས་པ་ཡིན་ཞེས་པའི་གཏམ་འདི་ལ་ཡིད་རྟོན་རུང་བ་དང་ཧ་ཅང་ཁས་ལེན་འོས་པ་ཞིག་ཡིན་ཞིང་། བདག་ནི་མི་སྡིག་ཅན་རྣམས་ཀྱི་ཁྲོད་དུ་གཏེ་བོ་ཞིག་ཡིན་ནོ།།
16 འོན་ཀྱང༌། ཡེ་ཤུ་མཱ་ཤི་ཀས་སྡིག་ཅན་རྣམས་ལས་གཏེ་བོ་ང་རང་ལྟ་བུའི་སྟེང་དུའང་ཁོང་གི་བཟོད་པ་ཚད་མེད་གནང་བ༌དང༌། ཕྱིས་སུ་ཁོང་ལ་དད་པ་བྱེད་ཅིང་མཐའ་མེད་པའི་ཚེ་སྲོག་ཐོབ་མཁན་རྣམས་ལ་ང་རང་མིག་དཔེ་རུ་མཛད་པའི༌ཕྱིར། ཁོང་གིས་བདག་ལ་ཐུགས་རྗེ་གནང༌བ་ཡིན་ནོ།།
17 ཐོག་མཐའ་མེད་པའི་རྒྱལ་པོ༌དང༌། འཇིག་པ་མེད༌པ། མཐོང་རེག་བྲལ་བའི་དཀོན་མཆོག་ཁོ་ན་ཉིད་ལ་རྟག་ཏུ་བཀུར་བསྟི་དང་བསྟོད་པ་འབུལ་བར༌སྨོན། ཨ༌མེན།
18 བདག་གི་བུ་ཐི་མོ་ཐེ། སྔོན་ཆད་ཁྱོད་ཀྱི་སྐོར་ལ་ལུང་བསྟན་གནང་བ་བཞིན། བདག་གིས་གོང་གི་བཀའ་དེ་ཁྱོད་ལ་གདམས་པར་བྱ༌སྟེ། ཁྱོད་ཀྱིས་ལུང་བསྟན་དེ་དག་ལ་བརྟེན་ནས་འཐབ་འཛིང་བཟང་པོ་བྱེད་པ༌དང༌།
19 རྒྱུན་དུ་དད་སེམས་དང་བསམ་པ་རྣམ་དག་བཅང་ཐུབ་པའི་ཕྱིར༌རོ།། མི་ལ་ལས་དེ་སྤངས་པ་ནི་མཚོ་གྲུ་བྲག་རྡོ་ལ་ཐོགས་པ་བཞིན་དད་པ་ཉམས་པའོ།།
20 དེ་དག་གི་ཁྲོད་དུ་ཧི་མེ་ནཱ་ཡུ་དང་ཨ་ལིག་སན་དིར་གཉིས་ཡོད༌དེ། ཁོ་གཉིས་ཀྱིས་དཀོན་མཆོག་ལ་སྐུར་བ་འདེབས་མི་རུང་བ་ཤེས་པའི་ཆེད༌དུ། ངས་དེ་གཉིས་བདུད་སཱ་ཏན་གྱི་ལག་ཏུ་སྤྲད་ཟིན༌ཏོ།།