ལེའུ་གསུམ༌པ།
ཆོས་ཚོགས་ཀྱི་དོ་དམ་པ་དང་ལས་འཛིན་པའི༌སྐོར།
སུ་ཞིག་གིས་དོ་དམ་པའི་འགན་འཁུར་འདོད༌ན། དེ་ནི་ལས་བཟང་པོར་ཡིད་སྨོན་ཤོར་བ་ཡིན་ཞེས་པ་ཡིད་རྟོན་རུང་བའི་གཏམ་ཡིན་ནོ།། དོ་དམ་པ་ནི་ངེས་པར་སྐྱོན་བརྗོད་རྒྱུ་ཅི་ཡང་མེད༌ཅིང༌། ཆུང་མ་གཅིག་ཁོ་ནའི་ཁྱོ་ག་ཡིན་པ༌དང༌། རང་ཚོད་ཟིན༌པ། བག་ཡོད༌པ། ཚུལ་མཐུན་ཡ་རབས་ཡིན༌པ། མགྲོན་པོ་བསུ་བར་དགའ༌བ། ཁྲིད་སྟོན་བྱེད་ནུས༌པ། ཆང་རག་འཐུང་བར་མི་རྔམ༌པ། མི་ལ་གཅར་རྡུང་མི་བྱེད༌པ། ཞི་ཞིང་དུལ༌བ། འཁྲུག་རྩོད་མི་བྱེད༌པ། རྒྱུ་ནོར་ལ་མི་རྔམ་པ་བཅས་ཡིན་དགོས༌ཤིང༌། རང་གི་ཁྱིམ་ཚང་བདག་སྐྱོང་ལེགས་པོ་བྱས་ཏེ་བུ་ཕྲུག་རྣམས་ལ་ཡ་རབས་སྤྱོད་བཟང་ཁྲིད་པ་དང་གུས་ལུགས་ཡོད་པ་ཞིག་ཡིན་དགོས། གལ༌ཏེ། སུ་ཞིག་གིས་རང་གི་ཁྱིམ་ཚང་ཙམ་ཡང་བདག་སྐྱོང་བྱེད་མི་ཤེས༌ན། དཀོན་མཆོག་གི་ཆོས་ཚོགས་ནི་ཇི་ལྟར་སྐྱོང་ནུས༌སམ། དད་ལྡན་གསར་པ་རྣམས་ནི་དོ་དམ་པ་བྱེད་མི་རུང༌སྟེ། མི་དེ་ནི་རང་རློམ་ཆེ་བར་འགྱུར་བ་དང་བདུད་ཀྱི་ཉེས་ཆད་ནང་དུ་ལྷུང་ཉེན་ཆེ་བས༌སོ།། ཡང་མི་གཞན་གྱིས་སྐུར་བ་མི་འདེབས་པ༌དང༌། བདུད་ཀྱི་རྙི་རྒྱ་རུ་མི་ཚུད་པའི༌ཕྱིར། དོ་དམ་པ་དེ་ནི་ཕྱི་ཕྱོགས་པ་རྣམས་ཀྱི་ཁྲོད་དུའང་ངེས་པར་མཚན་སྙན་ཅན་ཞིག་ཡིན་དགོས༌སོ།།
ལས་འཛིན་པ་རྣམས་ཀྱང་དེ་བཞིན་ཡིན་ཏེ། ངེས་པར་ཡ་རབས་ཚུལ་དང་མཐུན་ཞིང་ཁ་ཞེ་གཉིས་མེད་ཡིན༌པ། ཆང་རག་མང་པོ་མི་འཐུང༌བ། རྒྱུ་ནོར་མི་གཙང་བ་ལ་མི་རྔམ་པ་བཅས་ཡིན་དགོས་པ༌དང༌། བསམ་པ་རྣམ་དག་གིས་དད་པའི་སྙིང་པོ་བརྟན་པོར་བསྲུང་དགོས་སོ།། 10 མི་དེ་རྣམས་ལ་ཐོག་མར་བརྟག་དགོས༌ཤིང༌། སྐྱོན་བརྗོད་རྒྱུ་ཅི་ཡང་མེད་ན་མི་དེ་རྣམས་ལས་འཛིན་པར་བསྐོ་རུང་བ་ཡིན། 11 བུད་མེད་*རྣམས་ཀྱང་དེ་བཞིན་ཡིན་ཏེ། ངེས་པར་ཡ་རབས་ཚུལ་དང་མཐུན་ཞིང་ཕྲ་མ་མི་བྱེད༌པ། རང་ཚོད་ཟིན༌པ། དོན་ཀུན་ལ་བློ་སེམས་དཀར་བ་བཅས་ཡིན་དགོས་སོ།། 12 ལས་འཛིན་པ་ནི་ངེས་པར་ཆུང་མ་གཅིག་ཁོ་ནའི་ཁྱོ་ག་ཡིན་པ༌དང༌། བུ་ཕྲུག་དང་རང་གི་ཁྱིམ་ཚང་བདག་སྐྱོང་ལེགས་པོ་བྱེད་མཁན་ཞིག་ཡིན་དགོས། 13 ཅིའི་ཕྱིར་ཞེ་ན། ལས་འཛིན་པས་བྱ་བ་ལེགས་པར་བསྒྲུབས་ན་རང་ཉིད་ཡིད་དུ་འོང་བའི་གནས་སུ་སླེབས་པ༌དང༌། སྤོབས་པ་ཆེན་པོས་མཱ་ཤི་ཀ་ཡེ་ཤུ་ནང་གི་དད་པ་ལ་ཡིད་ཆེས་བརྟན་པོ་བྱེད་པའི་ཕྱིར༌རོ།།
14 ང་རང་ཁྱོད་ཀྱི་གམ་དུ་མྱུར་བ་མྱུར་བར་འགྲོ་འདོད་ཆེ་བས་སྔོན་ཚུད་ནས་དོན་འདི་རྣམས་ཁྱོད་ལ་ཡི་གེར་འབྲི་བཞིན་ཡོད༌དེ། 15 ང་རང་དུས་འགྱངས་ནས་མྱུར་དུ་མ་སླེབས་ན། ཁྱོད་ཀྱིས་ཀྱང་དཀོན་མཆོག་གི་ཁྱིམ་ཚང་ནང་དུ་ཇི་ལྟར་བྱེད་འོས་པ་ཤེས་པའི་ཕྱིར༌ཡིན་ཞིང་། ཁྱིམ་ཚང་དེ་ནི་གཏན་དུ་གསོན་པོར་བཞུགས་པའི་དཀོན་མཆོག་གི་ཆོས་ཚོགས༌དང༌། བདེན་པ་ཉིད་ཀྱི་ཀ་རྡོ་དང་རྨང་གཞི་ཡིན་ནོ།། 16 དད་གུས་ཀྱི་གསང་བ་ནི་རླབས་ཆེ་བ་ཞིག་ཡིན་པ་ཀུན་གྱིས་ཁས་ལེན་པར་གདོན་མི་ཟ༌སྟེ།
མི་ཡི་ཤ་གཟུགས་བརྒྱུད་ནས་སྐྱབས་མགོན༌མངོན།།
ཐུགས་ཉིད་ཀྱིས་ནི་རྣམ་དག་ཡིན་པ༌བསྟན།།
ཕོ་ཉ་རྣམས་ནི་ཁོང་ལ་མཇལ་བ༌ཡིན།།
མི་རིགས་དུ་མར་ཁོང་ཉིད་ཡོངས་སུ༌བསྒྲགས།།
འཇིག་རྟེན་མི་རྣམས་ཁོང་ལ་དད་པར༌གྱུར།།
གཟི་བརྗིད་ལྡན་པའི་ནམ་མཁའི་ཞིང་དུ༌དྲངས།།
ཞེས༌པའོ།།
* ལེའུ་གསུམ༌པ།:11 འདིར་བུད་མེད་ཅེས་པ་ནི་མཁས་པ་རྣམས་ཀྱི་བཞེད་ཚུལ་ལྟར་ན་ལས་འཛིན་པའི་ཆུང་མ་དང་། བུད་མེད་ལས་འཛིན་པ། ལས་འཛིན་པ་བུད་མེད་ཅེས་ལ་གོ་རུང་བར་གསུངས།