ལེའུ་བཅུ༌པ།
བརྒྱ་དཔོན་ཀོར་ནེ་ལིའུ་ཡིས་སྐུ་ཚབ་པ་པེ་ཏྲོ་གདན་དྲངས༌པ།
དེ་ཡང་ཀེ་སར་ཡཱ་ཞེས་པར་ཨི་ཏ་ལི་དཔུང་ཁག་གི་བརྒྱ་དཔོན་མིང་ལ་ཀོར་ནེ་ལིའུ་ཞེས་པ་ཞིག་ཡོད༌དེ། ཁོ་ནི་དད་མོས་ཡོད་པ་ཞིག་ཡིན༌ལ། ཁོ་དང་བཟའ་མི་ཐམས་ཅད་ཀྱང་དཀོན་མཆོག་ལ་དད་གུས་ཆེ༌བས། མི་རྣམས་ལ་སྦྱིན་པ་མང་པོ་བཏང་བ་དང་དུས་རྟག་ཏུ་དཀོན་མཆོག་ལ་གསོལ་བ་བཏབ་བོ།། དེ་ཡང་ཉིན་ཞིག་གི་ཕྱི་དྲོའི་ཆུ་ཚོད་གསུམ་ཡས་མས་སུ་ཁོ་ལ་ཞལ་གཟིགས་གནང་ནས། དཀོན་མཆོག་གི་ཕོ་ཉ་ཞིག་རང་གི་གམ་དུ་ཕེབས་པ་གསལ་པོར་མཐོང་བ་དང་ཕོ་ཉས་ཀོར་ནེ་ལིའུ་ཞེས་བོས། དེ་ནས་ཁོས་མིག་ཅེ་རེར་ཕོ་ཉ་ལ་བལྟས་ཤིང་དངངས་སྐྲག༌ངང༌། ཇོ་བོ༌ལགས། དོན་ཅི་ཡོད་ཅེས་ཞུས་པ༌ལ། ཕོ་ཉ་ན༌རེ། ཁྱོད་ཀྱི་གསོལ་འདེབས་དང་སྦྱིན་པ་ནི་དཀོན་མཆོག་གི་དྲུང་དུ་དྲན་རྟེན་བཞིན་དུ་སླེབས༌འདུག ད་ལྟ་ཁྱོད་ཀྱིས་ཡོ་ཕཱ་རུ་མི་མངགས་ཏེ་པེ་ཏྲོ་ཞེས་ཀྱང་འབོད་པའི་སི་མོན་གདན་དྲོངས༌ཤིག ཁོ་རང་ནི་རྒྱ་མཚོའི་འགྲམ་དུ་གནས་པའི་ཀོ་བཟོ་བ་སི་མོན་གྱི་ཁྱིམ་དུ་བཞུགས་པ་ཡིན་ཞེས་གསུངས་པ༌དང༌། ཁོ་ལ་གཏམ་གླེང་བའི་ཕོ་ཉ་ཕྱིར་ཕེབས༌རྗེས། ཁོས་རང་ཁྱིམ་གྱི་ཞབས་ཕྱི་པ་གཉིས་དང་རྟག་ཏུ་རང་གི་མདུན་དུ་སྡོད་པའི་དམག་མི་རྣམས་ལས་དད་མོས་ཡོད་པ་ཞིག་བོས༌ཏེ། དོན་དེ་ཐམས་ཅད་ཁོ་རྣམས་ལ་བཤད་པ་དང་ཡོ་ཕཱ་རུ་མངགས༌སོ།།
སྐུ་ཚབ་པ་པེ་ཏྲོས་མཐོང་བའི་ཞལ་གཟིགས།
དེའི་ཕྱི༌ཉིན། ཁོ་རྣམས་ལམ་དུ་ཆས་ཤིང་ཡོ་ཕཱ་གྲོང་ཁྱེར་དང་ཉེ་བར་སླེབས་པ༌དང༌། ཉིན་གུང་ཙམ་གྱི་དུས༌སུ། པེ་ཏྲོ་ཁང་ཐོག་ཏུ་གསོལ་བ་འདེབས་སུ་སོང་བ༌དང༌། 10 ཁོང་གི་ལྟོ་བ་བཀྲེས་པ་དང་ཁ་ཟས་སྤྱོད་འདོད༌ཅིང༌། ཁྱིམ་ཚང་དེས་ཀྱང་ཁ་ཟས་གྲ་སྒྲིག་བྱེད་བཞིན་པའི་དུས༌སུ། པེ་ཏྲོའི་དྲན་པ་འཆལ་ནས། 11 ནམ་མཁའི་སྒོ་ཕྱེས་པ་དང་སྣེ་བཞི་བསྡམས་པའི་རས་གྲུ་བཞི་ཆེན་པོ་དང་འདྲ་བའི་དངོས་པོ་ཞིག་ས་སྟེང་ལ་མར་དཔྱངས་པ་མཐོང༌། 12 དེའི་ནང་དུ་ས་སྟེང་གི་སུག་བཞི་ཅན་གྱི་སྲོག་ཆགས༌དང༌། ལྟོ་འགྲོའི༌རིགས། གཞན་ཡང་ནམ་མཁའི་བྱ་རྣམས་ཡོད༌ཅིང༌། 13 ཡང་སྐད་སྒྲ་ཞིག་གྲགས༌ཏེ། པེ༌ཏྲོ། ཡར་ལོངས༌དང༌། དེ་དག་བཤས་ནས་ཟོ་ཞིག་ཅེས་གསུངས་སོ།། 14 འོན༌ཀྱང༌། པེ་ཏྲོ་ན༌རེ། གཙོ་བོ༌ལགས། དེ་ལྟར་བྱེད་ག་ལ༌རུང༌། ངས་ཁ་ཟས་སུ་མི་རུང་བ་དང་མི་གཙང་བ་ཞིག་གཏན་ནས་ཟོས་མ་མྱོང་ཞེས་སྨྲས་པ༌ལ། 15 ཡང་སྐད་སྒྲ་ཞིག་གྲགས་ཏེ་འདི་སྐད༌དུ། དཀོན་མཆོག་གིས་གཙང་མར་མཛད་པ་རྣམས་ཁྱོད་ཀྱིས་མི་གཙང་བར་བརྩི་མི་འོས་ཞེས་གསུངས་སོ།། 16 དེ་ལྟར་བསྟུད་མར་ཐེངས་གསུམ་ལ་སྐད་སྒྲ་བྱུང་མ་ཐག་རས་ལེབ་ཆེན་པོ་དེ་ཕྱིར་ནམ་མཁར་དྲངས༌སོ།།
17 དེ་ནས་པེ་ཏྲོས་རང་ལ་ཞལ་གཟིགས་གནང་བ་ལས་མཐོང་བའི་དོན་དེ་རྣམས་ཅི་ཡིན་མ་ཤེས་པར་ཐེ་ཚོམ་སྐྱེ་བའི་སྐབས༌སུ། ཀོར་ནེ་ལིའུ་ཡིས་མངགས་པའི་མི་དེ་རྣམས་ཀོ་བཟོ་བ་སི་མོན་གྱི་ཁྱིམ་ཚང་གང་ཡིན་དྲིས་ནས་སྒོ་ཁར་སླེབས་ཏེ། 18 སྐད་མཐོན་པོས་པེ་ཏྲོ་ཟེར་བའི་སི་མོན་འདིར་བཞུགས་སམ་ཞེས་དྲིས་སོ།། 19 པེ་ཏྲོས་ད་དུང་ཞལ་གཟིགས་དེའི་སྐོར་ལ་བསམ་བློ་གཏོང་བཞིན་པའི་དུས་སུ་དམ་པའི་ཐུགས་ཉིད་ཀྱིས་འདི་སྐད༌དུ། ལྟོས༌དང༌། མི་གསུམ་གྱིས་ཁྱོད་རང་འཚོལ་བཞིན་ཡོད༌པས། 20 ཡར་ལངས་ནས་མར་བབས་ཏེ་ཐེ་ཚོམ་མི་བྱེད་པར་དེ་དག་དང་མཉམ་དུ་སོང༌ཞིག རྒྱུ་མཚན་ནི་ཁོ་རྣམས་ངས་མངགས་པ་ཡིན་ཞེས་གསུངས་སོ།། 21 དེ་ནས་པེ་ཏྲོ་མར་བབས་ནས་མི་དེ་རྣམས་དང་ཕྲད་དེ་འདི་སྐད་དུ། ང་རང་ནི་ཁྱོད་ཅག་གིས་འཚོལ་བཞིན་པའི་མི་དེ་ཡིན། ཁྱོད་ཅག་འདིར་ཡོང་དོན་ཅི་ཡིན་ནམ་ཞེས་གསུངས་པ༌ལ། 22 དེ་རྣམས་ན༌རེ། བརྒྱ་དཔོན་ཀོར་ནེ་ལིའུ་ནི་མི་གཞུང་རྒྱུད་དྲང་ཞིང་དཀོན་མཆོག་ལ་དད་གུས་ཆེ་བ་དང་ཡ་ཧུ་དཱའི་མི་རིགས་ཐམས་ཅད་ཀྱིས་གཟེངས་བསྟོད་བྱེད་ས་ཞིག་ཡིན། དེ་སྔར་ཕོ་ཉ་དམ་པ་ཞིག་གིས་ཀོར་ནེ་ལིའུ་ལ། ཁྱེད་རང་ཁོའི་ཁྱིམ་དུ་གདན་དྲངས་ཏེ་ཁྱེད་ཀྱིས་གང་གསུང་ལ་ཉན་དགོས་པའི་བཀའ་བསྩལ་ཞེས་ཞུས་སོ།། 23 དེ་ནས་པེ་ཏྲོས་དེ་རྣམས་ཁྱིམ་དུ་བོས་ཏེ་ཞག་གཅིག་ལ་སྡོད་དུ་བཅུག་པ༌དང༌། དེའི་ཕྱི༌ཉིན་ཁོ་རྣམས་དང་མཉམ་དུ་ལམ་ལ་ཆས༌ཤིང༌། ཡོ་ཕཱ་ཡི་སྤུན་ཟླ་ཁ་ཤས་ཀྱང་ཁོ་རྣམས་དང་ལྷན་དུ་སོང༌ངོ༌།།
སྐུ་ཚབ་པ་པེ་ཏྲོ་བརྒྱ་དཔོན་ཀོར་ནེ་ལིའུ་ཡི་ཁྱིམ་དུ་ཕེབས༌པ།
24 ཡང་དེའི་ཕྱི་ཉིན་ཁོང་རྣམས་ཀེ་སར་ཡཱ་རུ་སླེབས་པ༌དང༌། ཀོར་ནེ་ལིའུ་ཡིས་རང་གི་གཉེན་ཉེ་དང་གྲོགས་དམ་པ་རྣམས་བསྡུས་ཏེ་བསྒུགས་ཡོད་པ་རེད། 25 དེ་ནས་པེ་ཏྲོ་སླེབས་མ་ཐག་ཀོར་ནེ་ལིའུ་ཡིས་ཁོང་ལ་དགའ་བསུ་བྱས་པ་དང་ཁོང་གི་ཞབས་དྲུང་དུ་ཕྱག་བཙལ་ཏོ།། 26 འོན་ཀྱང་པེ་ཏྲོས་ཁོ་རང་ཡར་བསླངས་ཏེ་ཁྱོད་ཡར་ལོངས༌དང༌། ང་རང་ཡང་མི་ཡིན་ནོ་ཞེས་གསུངས་པ༌དང༌། 27 ཁོང་གཉིས་ཀྱིས་གཏམ་གླེང་བཞིན་ཁྱིམ་དུ་སོང་བ༌ན། པེ་ཏྲོས་མི་མང་པོའང་གནས་དེར་འཛོམས་ཡོད་པ་མཐོང༌སྟེ། 28 དེ་རྣམས་ལ་འདི་ལྟར། ཆོས་ཁྲིམས་ལྟར་ན་ཡ་ཧུ་དཱ་པ་རྣམས་མི་རིགས་གཞན་དང་འགྲོགས་པའམ་དེ་དག་གི་ཁྱིམ་དུ་འགྲོ་མི་རུང་བ་ནི་ཁྱོད་རྣམས་ཀྱིས་ཤེས༌པ་ཡིན། འོན་ཀྱང་དཀོན་མཆོག་གིས་ང་ལ་མི་སུ་ཡིན་ཡང་འགྲོགས་མི་རུང་བའམ་མི་གཙང་བར་བརྩི་མི་འོས་པར་བསྟན་ཏོ།། 29 དེའི་ཕྱིར་ང་རང་ཡང་ཐེ་ཚོམ་མེད་པར་གདན་ཞུ་ལྟར་ཡོང་བ་ཡིན༌ཏེ། ཁྱོད་ཅག་གིས་ང་རང་འབོད་དོན་ཅི་ཡིན་ནམ་ཞེས་གསུངས་པ༌ན། 30 ཀོར་ནེ་ལིའུ་ན༌རེ། ཉིན་བཞིའི་སྔོན་གྱི་དུས༌འདིར། ངས་ཕྱི་དྲོའི་ཆུ་ཚོད་གསུམ་གྱི་སྟེང་རང་ཁྱིམ་ནས་གསོལ་བ་འདེབས་པའི༌ཚེ། གློ་བུར་ཉིད་དུ་འོད་མདངས་འཕྲོ་བའི་གོས་གྱོན་པའི་མི་ *ཞིག་ངའི་མདུན་དུ་སླེབས་ཏེ་འདི་སྐད༌དུ། 31 ཀོར་ནེ་ལིའུ། དཀོན་མཆོག་གིས་ཁྱོད་ཀྱི་གསོལ་འདེབས་ལ་གསན་པ༌དང༌། ཁྱོད་ཀྱིས་སྦྱིན་པ་བཏང་བའང་ཁོང་གི་ཐུགས་སུ་བཟུང་འདུག 32 དེའི་ཕྱིར། ཁྱོད་ཀྱིས་ཡོ་ཕཱ་རུ་མི་མངགས་ཏེ་པེ་ཏྲོ་ཞེས་ཀྱང་འབོད་པའི་སི་མོན་གདན་དྲོངས༌ཤིག ཁོ་རང་ནི་རྒྱ་མཚོའི་འགྲམ་གྱི་ཀོ་བཟོ་བ་སི་མོན་གྱི་ཁྱིམ་དུ་བཞུགས་ཞེས་གསུངས་པས། 33 ངས་མྱུར་བར་ཁྱེད་ཀྱི་དྲུང་དུ་མི་མངགས་པ་ཡིན། ཁྱེད་རང་འདིར་ཕེབས་པ་ལེགས་སོ།། གཙོ་བོས་ཁྱེད་ལ་གནང་བའི་བཀའ་ཐམས་ཅད་ལ་མཉན་པའི༌ཕྱིར། ད་ལྟ་ངེད་ཅག་ཚང་མ་དཀོན་མཆོག་གི་སྤྱན་སྔར་འཛོམས་པ་ཡིན་ཞེས་ཞུས༌སོ།།
34 དེ་ནས་པེ་ཏྲོས་འདི་སྐད༌དུ། དཀོན་མཆོག་གིས་ཕྱོགས་རིས་མི་མཛད་པ་ངས་དངོས་གནས་རྟོགས༌ཤིང་། 35 མ་གཞི་མི་རིགས་སོ་སོའི་ཁྲོད་དུ་ཁོང་ལ་དད་གུས་བྱེད་པ་དང་བདེན་དོན་སྒྲུབ་མཁན་རྣམས་ལ་ཁོང་ཐུགས་མཉེས༌པ་ཡིན་ནོ།། 36 དཀོན་མཆོག་གིས་ཐམས་ཅད་ཀྱི་གཙོ་བོ་སྟེ་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་ཞི་བདེའི་འཕྲིན་བཟང་བསྒྲགས་ཤིང་བཀའ་དེ་ཡེས་ར་ཨེལ་གྱི་བུ་རྒྱུད་ལ་གནང༌། 37 ཡང་ཡོ་ཧ་ནན་གྱིས་ཁྲུས་གསོལ་གྱི་ཆོས་བསྒྲགས་པའི་རྗེས༌སུ། ག་ལིལ་ཡུལ་ནས་ཡ་ཧུ་དཱའི་ཡུལ་ཀུན་ཏུ་ཁྱབ་པའི་དོན་ཆེན་དང་། 38 ནཱ་ཙ་རེལ་གྱི་ཡེ་ཤུ་ལ་དཀོན་མཆོག་གིས་དམ་པའི་ཐུགས་ཉིད་དང་ནུས་མཐུས་ཅི་ལྟར་བྱུགས་པར་མཛད་པ་དེ་ནི་ཁྱོད་རྣམས་ཀྱིས་ཤེས་ཏེ། དཀོན་མཆོག་ནི་སྐྱབས་མགོན་ཡེ་ཤུ་དང་ལྷན་དུ་བཞུགས༌པས། ཁོང་ཉིད་ཡུལ་ཕྱོགས་ཀུན་ཏུ་ཕེབས་ནས་དོན་བཟང་མཛད༌ཅིང༌། བདུད་ཀྱི་དབང་འོག་ཏུ་མནན་པའི་མི་ཐམས་ཅད་ཀྱང་གསོས་པའོ།། 39 ངེད་རྣམས་ནི་ཡེ་ཤུ་ཁོང་གིས་ཡ་ཧུ་དཱ་པའི་ཡུལ་དང་ཡེ་རུ་སཱ་ལེམ་དུ་མཛད་པའི་དོན་འདི་ཐམས་ཅད་ལ་བདེན་དཔང་བྱེད་མཁན་ཡིན། མི་རྣམས་ཀྱིས་ཁོང་ཉིད་སྡོང་པོའི་སྟེང་དུ་བརྡབས་ནས་བཀྲོངས༌ཤིང༌། 40 ཉིན་གསུམ་པར་དཀོན་མཆོག་གིས་ཁོང་ཉིད་སླར་གསོན་པར་མཛད་དེ་ཁོང་གི་སྐུ་གཟུགས་མངོན་སུམ་དུ་བསྟན་པའོ།། 41 དེ་ནི་མི་ཐམས་ཅད་ལ་མངོན་སུམ་དུ་བསྟན་པ་མ་ཡིན༌པར། དཀོན་མཆོག་གིས་སྔ་མོ་ནས་དཔང་པོ་རུ་བདམས་པའི་མི༌སྟེ། ཁོང་ཉིད་གྲོངས་པ་ནས་སླར་གསོན་རྗེས་ཁོང་དང་ལྷན་དུ་བཟའ་བཏུང་སྤྱད་པ་ངེད་རྣམས་ལ་མངོན་སུམ་དུ་བསྟན༌པ་ཡིན། 42 ཁོང་གིས་གནང་བའི་བཀའ་ལྟར་ངེད་ཅག་གིས་མི་རྣམས་ལ་འཕྲིན་བཟང་བསྒྲག་པ་དང་། ཁོང་ནི་དཀོན་མཆོག་གིས་ཤི་གསོན་གཉིས་ལ་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པའི་གཙོ་བོར་བསྐོས་པ་ལ་བདེན་དཔང་བྱེད་དགོས༌པ་ཡིན། 43 ལུང་སྟོན་པ་ཀུན་གྱིས་སྐྱབས་མགོན་ཡེ་ཤུར་དད་པ་བྱེད་མཁན་ཐམས་ཅད་ལ་ཁོང་གི་མཚན་ལ་བརྟེན་ནས་སྡིག་པ་བསལ་ངེས་པར་བདེན་དཔང་མཛད་པ་ཡིན་ཞེས་གསུངས་ཤིང་། 44 པེ་ཏྲོས་དེ་ལྟར་གསུང་བཞིན་པའི་དུས༌སུ། དམ་པའི་ཐུགས་ཉིད་ནི་བཀའ་དེར་ཉན་པའི་མི་ཐམས་ཅད་ཀྱི་སྟེང་དུ་བབས༌སོ།། 45 པེ་ཏྲོ་དང་མཉམ་དུ་ཡོང་བའི་མཚན་སྐྱི་བཅད་པའི་དད་ལྡན་རྣམས་ཀྱིས་ཕྱི་ཕྱོགས་པ་རྣམས་ལའང་དམ་པའི་ཐུགས་ཉིད་ཀྱི་གནང་སྦྱིན་ཐོབ་པ་མཐོང་ནས་ངོ་མཚར་སྐྱེས། 46 རྒྱུ་མཚན་ནི་མི་དེ་རྣམས་ཀྱིས་སྐད་གཞན་སྨྲ་བ་དང་དཀོན་མཆོག་ལ་བསྟོད་ཅིང་བསྔགས་པའང་ཐོས་པས༌སོ། །དེ་ནས་པེ་ཏྲོས་འདི་སྐད་དུ། 47 མི་འདི་རྣམས་ནི་ངེད་ཅག་དང་མཚུངས་པར་དམ་པའི་ཐུགས་ཉིད་ཐོབ་པ་ཡིན༌པས། ཁོ་རྣམས་ལ་ཆུས་ཁྲུས་གསོལ་བྱེད་པ་སུ་ཞིག་གིས་འགོག་ནུས་སམ་ཞེས་གསུངས་པ༌དང༌། 48 ཡེ་ཤུ་མཱ་ཤི་ཀའི་མཚན་ལ་བརྟེན་ནས་ཁོ་རྣམས་ལ་ཁྲུས་གསོལ་བྱེད་པའི་བཀའ་གནང༌ཞིང་། དེ་ནས་ཁོ་རྣམས་ཀྱིས་པེ་ཏྲོ་གནས་དེར་ཉིན་འགར་བཞུགས་པར་ཞུས༌སོ།།
* ལེའུ་བཅུ༌པ།:30 འོད་མདངས་འཕྲོ་བའི་གོས་གྱོན་པའི་མི་ཞེས་པ་ནི་དཀོན་མཆོག་གིས་མངགས་པའི་ཕོ་ཉ་ཞིག༌ཡིན། ལེའུ་བཅུ༌པ།:45 མཚན་སྐྱི་བཅད་པའི་དད་ལྡན་རྣམས་ཞེས་པ་ནི་ཡ་ཧུ་དཱ་པའི་དད་ལྡན་ལ་གོ་དགོས།