ལེའུ་བཞི་པ།
མོར་དོ་ཀཱ་ཨི་ཡིས་ཨེས་སི་ཐེར་ལ་ཡ་ཧུ་དཱ་པར་རོགས་བྱེད་པར་བསྐུལ་བ།
མོར་དོ་ཀཱ་ཨི་ཡིས་དོན་ཐམས་ཅད་ཤེས་པ་ན་རང་གི་གོས་གཤགས་ཏེ་རྩིད་རས་གྱོན་ཞིང་། མགོ་ལ་ཐལ་བ་གཏོར་ནས་གྲོང་ཁྱེར་ནང་དུ་འགྲོ་སྐྱོད་བྱས་པ་དང་། སྐད་ཆེན་པོ་བརྒྱབ་ནས་དྲག་ཏུ་ངུས་སོ། ། རྩིད་རས་གྱོན་མཁན་སུ་ཡང་རྒྱལ་པོའི་མཁར་སྒོའི་ནང་དུ་འཛུལ་མི་ཆོག་པས། ཁོ་རང་རྒྱལ་པོའི་མཁར་སྒོའི་མདུན་དུ་སླེབས་ནས་འགྲོ་མཚམས་བཞག ཡང་རྒྱལ་པོའི་བཀའ་ཤོག་སླེབས་པའི་ལྗོངས་སོ་སོ་དང་ཡུལ་སོ་སོའི་ཡ་ཧུ་དཱ་པ་ཐམས་ཅད་སྡུག་བསྔལ་ཆེན་པོས་མནར་ཞིང་། སྨྱུང་གནས་བསྲུངས་ཏེ་ངུས་པ་དང་། སྐྱོ་གདུང་གི་སྐད་ཆེན་པོ་བཏོན་ནས། མི་མང་པོས་རྩིད་རས་དང་ཐལ་བ་བཏིངས་ནས་དེའི་ནང་དུ་ཉལ་ཏོ། །
དེ་ནས་རྒྱལ་མོ་ཨེས་སི་ཐེར་གྱི་ཞལ་ཏ་མ་དང་ཉུག་རུམ་པ་རྣམས་ཀྱིས་དོན་དེ་ཁོ་མོར་བཤད་པ་དང་། ཁོ་མོའི་སེམས་ཤིན་ཏུ་སྡུག་སྟེ། མོར་དོ་ཀཱ་ཨི་ལ་རྩིད་རས་འདོར་དགོས་པར་ཞུས་ནས་གོས་གཞན་ཞིག་གསོལ་དུ་བསྐུར་ཡང་ཁོས་དེ་མ་བླངས་སོ། ། ཨེས་སི་ཐེར་གྱིས་སྔར་རྒྱལ་པོས་ཁོ་མོར་ཞབས་ཞུ་བྱེད་པར་མངགས་པའི་ཉུག་རུམ་པ་ཧ་ཐག་ཅེས་བྱ་བ་བོས་ནས། དོན་དམ་དུ་ཅི་བྱུང་བ་དང་དེ་ལྟར་བྱེད་དགོས་དོན་ཅི་ཡིན་ཤེས་པའི་ཕྱིར། དེ་མོར་དོ་ཀཱ་ཨིའི་རྩར་མངགས་པས། ཧ་ཐག་རྒྱལ་པོའི་མཁར་སྒོ་མདུན་གྱི་ཐང་ཆེན་དུ་མོར་དོ་ཀཱ་ཨི་ལ་འཕྲད་པར་སོང་ངོ་། །
དེར་མོར་དོ་ཀཱ་ཨིས་རང་ལ་ཅི་བྱུང་བ་ཐམས་ཅད་དང་། ཧ་མཱན་གྱིས་ཡ་ཧུ་དཱ་པ་རྣམས་རྩ་མེད་གཏོང་ཕྱིར་རྒྱལ་པོའི་གཏེར་མཛོད་དུ་འབུལ་གྲབས་ཡོད་པའི་རྒྱལ་དངུལ་གྱི་གྲངས་ཀ་ཡང་ཧ་ཐག་ལ་བཤད། གཞན་ཡང་སོའུ་སཱན་མཁར་ཡོངས་སུ་ཁྱབ་པ་དང་ཡ་ཧུ་དཱ་པ་རྣམས་རྩ་མེད་གཏོང་བའི་བཀའ་ཤོག་གི་འདྲ་བཤུས་ཀྱང་ཧ་ཐག་ལ་སྤྲད་ནས། ཨེས་སི་ཐེར་ལ་གཟིགས་འབུལ་ཞུ་བ་དང་དེའི་སྐོར་སྨྲ་བར་མ་ཟད། ད་དུང་ཨེས་སི་ཐེར་རྒྱལ་པོའི་སྐུ་མདུན་དུ་སོང་སྟེ་རྒྱལ་པོར་ཞུ་བ་འབུལ་བ་དང་། རང་གི་མི་རྣམས་ཀྱི་ཆེད་དུ་རྒྱལ་པོའི་དྲུང་ནས་སྐྱབས་བཅོལ་ཞུ་དགོས་པའི་དོན་ཧ་ཐག་ལ་ནན་གྱིས་གཏད་དོ། ། དེ་ནས་ཧ་ཐག་ཕྱིར་སོང་ནས། མོར་དོ་ཀཱ་ཨིའི་གཏམ་ཐམས་ཅད་ཨེས་སི་ཐེར་ལ་ཞུས་སོ། ། 10 ཨེས་སི་ཐེར་གྱིས་སླར་ཡང་ཧ་ཐག་ལ་མོར་དོ་ཀཱ་ཨི་ལ་འདི་ལྟར་ཞུ་བའི་བཀའ་བསྒོས་པ་སྟེ། 11 ཞལ་འབོད་མ་གནང་བར་ཚོམས་ཆེན་ནང་དུ་ཕོ་མོ་སུ་ཞིག་རྒྱལ་པོར་མཇལ་དུ་ཕྱིན་ན། རྒྱལ་པོས་དེ་ལ་གསེར་གྱི་འཁར་བ་བརྐྱངས་ན་མ་གཏོགས་གསོན་མི་ཐུབ་པའི་ཁྲིམས་སྲོལ་གཅིག་རང་ཡོད་པ་ནི། འཁོར་གཡོག་དང་ལྗོངས་སོ་སོའི་ཡུལ་མི་ཀུན་གྱིས་ཤེས་ལ། བདག་ཀྱང་ཁོང་གི་དྲུང་དུ་མ་བོས་པར་ཞག་མ་སུམ་ཅུ་ཙམ་འགོར་ཡོད་ཅེས་པའོ། །
12 དེ་དག་གིས་ཨེས་སི་ཐེར་གྱི་གཏམ་མོར་དོ་ཀཱ་ཨི་ལ་བཤད་པ་དང་། 13 མོར་དོ་ཀཱ་ཨིས་དེ་རྣམས་བརྒྱུད་ནས་ཨེས་སི་ཐེར་ལ་ལན་དུ། ཡ་ཧུ་དཱ་པ་ཐམས་ཅད་ཀྱི་ནང་ནས་ཁྱོད་གཅིག་པུ་རྒྱལ་པོའི་ཕོ་བྲང་དུ་ཡོད་པའི་དབང་གིས། རྐྱེན་ངན་འདི་ལས་རང་ཉིད་ཐར་ཐུབ་པར་མ་སེམས་ཤིག 14 གལ་ཏེ་ཁྱོད་རང་སྐབས་འདིར་ཁ་རོག་བསྡད་ན། ཡ་ཧུ་དཱ་པ་སྐྱོབ་མཁན་ཕྱོགས་གཞན་ནས་འབྱུང་ལ་ཐར་བར་འགྱུར། ཁྱོད་ནི་རང་གི་ཁྱིམ་རྒྱུད་དང་བཅས་མེད་པར་འགྱུར་རོ། །དུས་སྐབས་འདིའི་ཆེད་དུ་ཁྱོད་རང་རྒྱལ་མོའི་གོ་སར་སླེབས་པ་ཡིན་ཡང་སྲིད་ཅེས་སྨྲས་པ་དང་། 15 ཨེས་སི་ཐེར་གྱིས་དེ་དག་བརྒྱུད་ནས་མོར་དོ་ཀཱ་ཨི་ལ་ལན་བཏབ་པ་ནི། 16 ཁྱོད་རང་སོང་ནས་སོའུ་སཱན་མཁར་ཆེན་དུ་ཡོད་པའི་ཡ་ཧུ་དཱ་པ་ཐམས་ཅད་བསྡུས་ཏེ། ཉིན་ཞག་གསུམ་ལ་ཅི་ཡང་མི་བཟའ་མི་འཐུང་བར་བདག་གི་ཆེད་དུ་སྨྱུང་གནས་སྲུངས་ཤིག ང་རང་དང་ངའི་ཞལ་ཏ་མ་རྣམས་ཀྱིས་ཀྱང་དེ་བཞིན་དུ་སྨྱུང་གནས་བསྲུང་བར་བྱ། དེ་ནས་ཁྲིམས་དང་འགལ་ནའང་བདག་རྒྱལ་པོའི་དྲུང་དུ་འགྲོ་བར་བྱ་སྟེ། གལ་ཏེ་ང་རང་ཤི་ནའང་མི་འཕངས་ཞེས་པས། 17 མོར་དོ་ཀཱ་ཨི་ཕར་སོང་ནས་ཨེས་སི་ཐེར་གྱིས་བསྒོས་པ་བཞིན་དུ་ཐམས་ཅད་བསྒྲུབས་སོ། །