ལེའུ་ལྔ་པ།
ཨེས་སི་ཐེར་གྱིས་རྒྱལ་པོ་དང་ཧ་མཱན་གཉིས་ལ་གསོལ་སྟོན་བཤམས་པ།
དེ་ནས་ཉིན་གསུམ་པ་ལ། ཨེས་སི་ཐེར་གྱིས་རྒྱལ་མོའི་ན་བཟའ་གསོལ་ཏེ། ཕོ་བྲང་གི་ཚོམས་ཆེན་ནང་རྒྱལ་པོའི་ཕོ་བྲང་གི་དྲང་ཐད་དུ་ལངས་ནས་བསྡད་པ་དང་། རྒྱལ་པོ་ཡང་ཕོ་བྲང་གི་སྒོའི་དྲང་ཐད་ཀྱི་ཁྲི་སྟེང་དུ་བཞུགས་ཡོད་པ་ལ། རྒྱལ་མོ་ཨེས་སི་ཐེར་ཚོམས་ཆེན་ནང་དུ་ལངས་འདུག་པ་མཐོང་བ་དང་། ཁོ་མོར་ཐུགས་རྗེས་གཟིགས་ཏེ། རྒྱལ་པོས་གསེར་གྱི་འཁར་བ་ཨེས་སི་ཐེར་གྱི་ཕྱོགས་སུ་བཏེགས་པ་ལ། ཨེས་སི་ཐེར་ཉེ་བར་བཅར་ནས་འཁར་བའི་མགོ་ལ་རེག་པའོ། ། དེ་ནས་རྒྱལ་པོས་འདི་ལྟར། རྒྱལ་མོ་ཨེས་སི་ཐེར་ཁྱོད་ལ་ཅི་དགོས་སམ། ཁྱོད་ཀྱིས་གང་ཞིག་ཞུས་ཀྱང་རྒྱལ་སྲིད་ཀྱི་ཕྱེད་ཀ་ཡིན་ཡང་ཁྱོད་ལ་སྦྱིན་པར་བྱའོ་ཞེས་གསུངས་པ་དང་། ཨེས་སི་ཐེར་གྱིས། གལ་སྲིད་རྒྱལ་པོ་ལགས་ཐུགས་དགྱེས་པ་ཡིན་ན། ཁྱེད་ཉིད་ཧ་མཱན་དང་ལྷན་དུ་བདག་གིས་དེ་རིང་བཤམས་པའི་གསོལ་སྟོན་དུ་ཕེབས་རོགས་མཛོད་ཅེས་ཞུས་པ་ལ། རྒྱལ་པོ་ན་རེ། ཧ་མཱན་ལ་མྱུར་དུ་ཨེས་སི་ཐེར་གྱི་ངག་བཞིན་བསྒྲུབ་ཏུ་ཆུག་ཅེས་གསུངས་པ་དང་། ཧ་མཱན་ཁྲིད་ནས་ཨེས་སི་ཐེར་གྱིས་བཤམས་པའི་གསོལ་སྟོན་ལ་ཕེབས་སོ། ། ཡང་གསོལ་སྟོན་གྱི་སྐབས་སུ་རྒྱལ་པོས་སླར་ཡང་ཨེས་སི་ཐེར་ལ། ཁྱོད་ལ་ཅི་དགོས་ན་གནང་བར་བྱ། ཁྱོད་ཀྱིས་གང་ཞིག་ཞུས་ཀྱང་སྟེར་ངེས་ལ། རྒྱལ་སྲིད་ཀྱི་ཕྱེད་ཀ་ཡིན་ཡང་ཁྱོད་ལ་སྦྱིན་ངེས་ཡིན་ཞེས་གསུངས་པའི་ལན་དུ། ཨེས་སི་ཐེར་གྱིས་བདག་གིས་ཞུ་འདོད་པ་ནི། གལ་ཏེ་རྒྱལ་པོའི་དྲུང་དུ་བདག་ལ་ཐུགས་རྗེ་ཐོབ་ཅིང་། རྒྱལ་པོས་བདག་གི་རེ་འདོད་ཐམས་ཅད་བསྒྲུབ་པར་བྱེད་ན། རྒྱལ་པོ་ཁྱེད་ཉིད་ཧ་མཱན་དང་མཉམ་དུ་སླར་ཡང་བདག་གིས་བཤམས་པའི་གསོལ་སྟོན་ལ་ཕེབས་རོགས་མཛོད་དང་། སང་ཉིན་བདག་གིས་རྒྱལ་པོའི་དྲི་བ་ལ་ལན་གདབ་བོ་ཞེས་ཞུས་སོ། །
ཧ་མཱན་གྱིས་མོར་དོ་ཀཱ་ཨི་ལྐོག་གསོད་བྱེད་པའི་ཐབས་ཇུས་འཐེན་པ།
ཉིན་དེ་ལ་ཧ་མཱན་བློ་བདེ་ཞིང་སེམས་དགའ་སྟེ་སོང་མོད། འོན་ཀྱང་མོར་དོ་ཀཱ་ཨི་རྒྱལ་པོའི་མཁར་སྒོར་ཡར་མི་ལངས་ལ་སྐྲག་པའི་སྣང་བ་ཙམ་ཡང་མེད་པ་མཐོང་ནས་མོར་དོ་ཀཱ་ཨི་ལ་ཤིན་ཏུ་ཁྲོས་ནའང་། 10 ཁོང་ཁྲོ་ཁོག་ལ་བཅུག་ནས་ཁྱིམ་དུ་ལོག་ཅིང་། གྲོགས་པོ་རྣམས་དང་རང་གི་ཆུང་མ་ཙེ་རེ་ཟི་འབོད་དུ་བཏང་ངོ་། ། 11 དེ་ནས་ཧ་མཱན་གྱིས་དེ་དག་ལ། རང་གི་རྒྱུ་འབྱོར་བའི་གཟི་དཔལ་དང་བུ་ཕྲུག་མང་པོ་ཡོད་པ་དང་། རྒྱལ་པོས་ཁོའི་གོ་ས་ཇི་ཙམ་བཏེགས་ཚུལ་དང་། དཔོན་རིགས་དང་རྒྱལ་པོའི་འཁོར་གཡོག་ཀུན་ལས་མཐོ་བར་མཛད་པ་ཐམས་ཅད་སྨྲས་པ་དང་། 12 ཡང་ཧ་མཱན་གྱིས། འོ། རྒྱལ་མོ་ཨེས་སི་ཐེར་གྱིས་བཤམས་པའི་གསོལ་སྟོན་ལ་ང་མ་གཏོགས་རྒྱལ་པོ་དང་ལྷན་དུ་སུ་ཡང་སོང་མི་ཆོག སང་ཉིན་ཡང་ང་རང་རྒྱལ་པོ་དང་མཉམ་དུ་སྐུ་མགྲོན་ལ་བོས་པ་ཡིན། 13 འོན་ཀྱང་ཡ་ཧུ་དཱ་པ་མོར་དོ་ཀཱ་ཨི་རྒྱལ་པོའི་མཁར་སྒོར་མཐོང་ཐེངས་རེར། འདི་ཐམས་ཅད་བདག་ལ་མཚོན་ན་དོན་སྙིང་ཅི་ཡང་མེད་དོ་ཞེས་སྨྲས་སོ། །
14 དེ་ནས་ཁོའི་ཆུང་མ་ཙེ་རེ་ཟི་དང་གྲོགས་པོ་རྣམས་ཀྱིས་ཧ་མཱན་ལ། ཁྲུ་ལྔ་བཅུ་ཅན་གྱི་འཕྱར་ཤིང་ཞིག་བཟོ་རུ་ཆུག་ལ། སང་ཉིན་ཞོགས་པར་མོར་དོ་ཀཱ་ཨི་དེའི་སྟེང་དུ་དཔྱང་བའི་ཕྱིར་རྒྱལ་པོར་ཞུས་ཤིག་དང་། དེ་ནས་ཁྱོད་རང་སེམས་དགའ་བའི་ངང་ནས་རྒྱལ་པོ་དང་མཉམ་དུ་མགྲོན་ལ་སོང་ཆོག་ཅེས་སྨྲས་པ་ན། ཧ་མཱན་ནི་གཏམ་དེ་ལ་དགའ་བས་འཕྱར་ཤིང་བཟོ་རུ་བཅུག་གོ །