ལེའུ་བཅུ་དྲུག་པ།
བྱ་ཤ་དང་བག་ལེབ་གནང་བ།
དེ་ནས་ཡེས་ར་ཨེལ་པ་རྣམས་ཀྱི་མི་ཚོགས་ཐམས་ཅད་ཨེ་ལིམ་ཡུལ་ནས་ཆས་པ་དང་། ཨེ་ཅིབ་ཡུལ་ནས་ཐོན་པའི་ཟླ་གཉིས་པའི་ཚེས་བཅོ་ལྔའི་ཉིན་ཨེ་ལིམ་ཡུལ་དང་རི་བོ་སི་ནཱའི་བར་དུ་ཡོད་པའི་སིན་བྱ་བའི་དབེན་སྟོང་དུ་སླེབས། ཡང་དབེན་སྟོང་ནས་ཡེས་ར་ཨེལ་པའི་མི་ཚོགས་ཐམས་ཅད་ཀྱིས་མོ་ཤེ་དང་ཨ་རོན་གཉིས་ལ་སྡུག་ཡུས་བཏོན་ཏེ། ངེད་ཅག་ཨེ་ཅིབ་ཡུལ་དུ་ཤའི་ཁོག་མའི་རྩར་བསྡད་པ་དང་། གྲོད་ཁོག་འགྲང་བའི་དུས་སུ་དཀོན་མཆོག་ཡ་ཝཱེའི་ཕྱག་ནས་ཤི་བ་ཡིན་ན་ཅི་མ་རུང་། ཁྱོད་གཉིས་ཀྱིས་ངེད་ཅག་གི་ཚོགས་ཐམས་ཅད་བཀྲེས་ལྟོགས་ཀྱིས་འཆི་བའི་ཕྱིར་དབེན་སྟོང་འདིར་ཁྲིད་པ་ཡིན་ཞེས་སྨྲས་སོ། །
དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ལྟོས་དང་། ཁྱོད་ཅག་གི་ཕྱིར་བདག་གིས་ནམ་མཁའ་ནས་བག་ལེབ་འབབ་པར་བྱ་སྟེ། མི་རྣམས་ཕྱི་རུ་སོང་ནས་ཉིན་རེ་བཞིན་ཉིན་གཅིག་གི་སྐལ་བ་བསྡུ་དགོས་ཏེ། དེ་དག་གིས་ངའི་བཀའ་ཁྲིམས་བཞིན་དུ་བྱའམ་མི་བྱ་ལ་བརྟག་པའི་ཕྱིར་ཡིན། ཡང་ཉིན་དྲུག་པ་ལ་སོ་སོས་བསྡུས་འོངས་པ་དེ་གྲ་སྒྲིག་བྱེད་དགོས་ཤིང་། དེ་ནི་ཉིན་རེར་བསྡུས་པ་ལས་ལྡབ་གཉིས་ཡོད་པར་འགྱུར་ཞེས་གསུངས་སོ། ། དེ་ནས་མོ་ཤེ་དང་ཨ་རོན་གཉིས་ཀྱིས་ཡེས་ར་ཨེལ་པ་ཐམས་ཅད་ལ་འདི་ལྟར། ཁྱོད་རྣམས་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་མཁན་དཀོན་མཆོག་ཡ་ཝཱེ་ཡིན་པ་ཁྱོད་ཅག་གིས་དགོང་མོའི་དུས་སུ་ཤེས་ཡོང་། དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ཀྱིས་ཁོང་ལ་སྡུག་ཡུས་འདོན་པ་གསན་པས། ཐོ་རངས་ཁྱོད་ཅག་གིས་ཁོང་གི་གཟི་བརྗིད་མཐོང་བར་འགྱུར། ཁྱོད་ཅག་གིས་ངེད་གཉིས་ལ་སྡུག་ཡུས་འདོན་པ་ངེད་གཉིས་ཅི་ཡིན་ནམ་ཞེས་སྨྲས་པ་དང་། ཡང་མོ་ཤེ་ན་རེ། ཁྱོད་ཅག་གིས་དཀོན་མཆོག་ཡ་ཝཱེ་ལ་སྡུག་ཡུས་བཏོན་པ་ཁོང་གིས་ཐམས་ཅད་གསན་པས། ཁྱོད་ཅག་ལ་དགོང་མོའི་ཁ་ཟས་སུ་ཤ་དང་ཐོ་རངས་སུ་ལྟོ་བ་འགྲང་བའི་བག་ལེབ་གནང་བར་འགྱུར། ངེད་གཉིས་སུ་ཡིན་ནམ། ཁྱོད་ཅག་གིས་ངེད་གཉིས་ལ་སྡུག་ཡུས་འདོན་པ་མ་ཡིན་པར། དཀོན་མཆོག་ཡ་ཝཱེ་ལ་སྡུག་ཡུས་འདོན་པ་ཡིན་ཞེས་སྨྲས་སོ། །
དེ་ནས་མོ་ཤེ་ཡིས་ཨ་རོན་ལ། ཡེས་ར་ཨེལ་པ་རྣམས་ཀྱི་མི་ཚོགས་ཐམས་ཅད་ལ། ཁོང་གིས་ཁྱོད་ཅག་གི་སྡུག་ཡུས་གསན་པའི་ཕྱིར། དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཚུར་ཤོག་ཅེས་སྨྲ་བར་གྱིས་ཞེས་སྨྲས། 10 ཨ་རོན་གྱིས་ཡེས་ར་ཨེལ་པ་རྣམས་ཀྱི་མི་ཚོགས་ཐམས་ཅད་ལ་གཏམ་སྨྲ་བའི་ཚེ། དེ་དག་གིས་དབེན་སྟོང་གི་ཕྱོགས་སུ་བལྟས་ཤིང་། ཀྱེ་ཧོ། སྤྲིན་གྱི་ནང་དུ་དཀོན་མཆོག་ཡ་ཝཱེའི་གཟི་བརྗིད་མངོན་པར་གྱུར། 11 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 12 བདག་གིས་ཡེས་ར་ཨེལ་པ་རྣམས་ཀྱི་སྡུག་ཡུས་གསན་པ་དང་། ཁྱོད་ཀྱིས་དེ་དག་ལ་འདི་ལྟར། ས་སྲོས་ཀྱི་དུས་སུ་ཁྱོད་ཅག་གིས་ཤ་བཟའ་བ་དང་། ཐོ་རངས་བག་ལེབ་ཀྱིས་འགྲང་བར་འགྱུར་ལ། དེ་ནས་ཁྱོད་རྣམས་ཀྱིས་བདག་ནི་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ཡིན་པ་ཤེས་པར་འགྱུར་ཞེས་སྨྲ་བར་གྱིས་ཞེས་གསུངས་སོ། །
13 དེ་ནས་དགོང་མོ་སྲེག་པ་མང་པོ་ཡོང་ནས་སྒར་ཡོངས་སུ་བཀབ་ཅིང་། ཐོ་རངས་སྒར་གྱི་མཐའ་འཁོར་དུ་ཟིལ་བ་བབས་ཡོད། 14 ཟིལ་བ་དེ་ས་ལ་འཐིམས་པ་དང་། ཀྱེ་ཧོ། དཀར་སྲབ་བ་མོ་ལྟ་བུའི་དངོས་པོ་ཞིག་གིས་དབེན་སྟོང་གི་ངོས་ཡོངས་སུ་བཀབ་ཡོད་ཅིང་། 15 ཡེས་ར་ཨེལ་པ་རྣམས་ཀྱིས་དེ་མཐོང་ནས་ཅི་ཡིན་མ་ཤེས་པར་ཕན་ཚུན་ན་རེ། དེ་ཅི་ཡིན་ནམ་ཞེས་དྲིས། དེ་ནས་མོ་ཤེ་ཡིས་དེ་དག་ལ། འདི་ནི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་བཟའ་བར་གནང་བའི་བག་ལེབ་དེ་ཡིན། 16 དཀོན་མཆོག་ཡ་ཝཱེའི་བཀའ་ནི་འདི་ལྟར་ཡིན་ཏེ། རེ་རེས་རང་གི་ཟ་ཚད་སྡུས་ལ། སོ་སོས་རང་གི་གུར་ནང་གི་མི་གྲངས་བཞིན་དུ་མི་རེ་ལ་ཨོ་མཱར་ *རེ་ལོངས་ཤིག་ཅེས་སྨྲས། 17 དེ་ནས་ཡེས་ར་ཨེལ་པ་རྣམས་ཀྱིས་དེ་བཞིན་བྱས་ཏེ། ཁ་ཤས་ཀྱིས་མང་པོ་བསྡུས། ཁ་ཤས་ཀྱིས་ཉུང་ངུ་བསྡུས། 18 ཨོ་མཱར་གྱི་ཚད་འཇལ་བ་ན་མང་པོ་བསྡུ་མཁན་དེར་ལྷག་མ་མ་བྱུང་ལ། ཉུང་ངུ་བསྡུ་མཁན་དེར་མི་འདང་བའང་མེད། མི་རེ་རེས་རང་རང་གི་ཟ་ཚད་བཞིན་བསྡུས། 19 མོ་ཤེ་ཡིས་དེ་དག་ལ། མི་སུས་ཀྱང་སང་ཉིན་ཞོགས་པའི་བར་དུ་ལྷག་མ་ཅི་ཡང་ལུས་སུ་བཅུག་མི་ཆོག་ཅེས་སྨྲས་ནའང་། 20 དེ་དག་གིས་མོ་ཤེའི་བཀའ་ལ་མ་མཉན་པར་ཁ་ཅིག་གིས་དེའི་ཕྱི་ཉིན་ཞོགས་པའི་བར་དུ་ལྷག་མ་ལུས་སུ་བཅུག་པས། དེ་ལ་འབུ་བཏབ་ནས་དྲི་ངན་བྱུང་ཞིང་། མོ་ཤེ་ཁོ་རྣམས་ལ་ཁྲོས། 21 ཁོ་རྣམས་ཀྱིས་ཞོགས་པ་རེ་རེར་རང་རང་གི་ཟ་ཚད་བཞིན་བསྡུས་ཤིང་། ཤུལ་དུ་ལྷག་པ་རྣམས་ཉི་མ་དྲོས་པ་དང་བཞུས་པའོ། །
22 ཡང་ཉིན་དྲུག་པ་ལ་ཁོ་རྣམས་ཀྱིས་བག་ལེབ་ལྡབ་གཉིས་ཏེ་མི་རེ་རེར་ཨོ་མཱར་གཉིས་རེ་བསྡུས་པ་དང་། ཚོགས་དཔོན་རྣམས་ཡོང་སྟེ་མོ་ཤེ་ལ་སྨྲས་ཤིང་། 23 མོ་ཤེ་ཡིས་དེ་དག་ལ་འདི་ལྟར། དཀོན་མཆོག་ཡ་ཝཱེའི་བཀའ་ནི་འདི་ལྟར་ཡིན་ཏེ། སང་ཉིན་ནི་བསྲུང་དགོས་པའི་ངལ་གསོ་ཡོངས་སུ་རྫོགས་པའི་ཉིན་མོ་ཡིན་ཞིང་། དཀོན་མཆོག་ཡ་ཝཱེའི་ཆེད་དུ་ངལ་གསོ་ཡོངས་སུ་རྫོགས་པའི་ཉིན་མོ་ཡིན་པས། ཁྱོད་ཅག་གིས་ཟས་ཅི་བསྲེག་དགོས་པ་རྣམས་སྲེགས་ཤིག བཙོ་དགོས་པ་རྣམས་ཚོས་ཤིག ཅི་ལུས་པ་ཐམས་ཅད་སང་ཉིན་ཞོགས་པའི་བར་ཞོག་ཅིག་ཅེས་སྨྲས་པ་ལ། 24 ཁོ་རྣམས་ཀྱིས་མོ་ཤེ་ཡིས་སྨྲས་པ་བཞིན་དུ་དེའི་ཕྱི་ཉིན་ཞོགས་པའི་བར་དུ་བཞག་པ་དང་། དྲི་ངན་མ་བྱུང་ལ། དེའི་ནང་དུ་འབུ་ཡང་མ་བཏབ། 25 ཡང་མོ་ཤེ་ཡིས་ཁོ་རྣམས་ལ་འདི་ལྟར། དེ་རིང་བག་ལེབ་དེ་ཟོ་ཞིག དེ་རིང་ནི་དཀོན་མཆོག་ཡ་ཝཱེའི་ཆེད་དུ་ངལ་གསོ་བའི་ཉིན་མོ་ཡིན་པས། ཁྱོད་ཅག་གིས་བག་ལེབ་དེ་དག་ཐང་ནས་རྙེད་མི་སྲིད། 26 ཉིན་དྲུག་གི་རིང་ལ་བསྡུས་ཆོག་པ་དང་། ཉིན་བདུན་པ་ནི་ངལ་གསོ་བའི་དུས་ཡིན་པས་ཅི་ཡང་འཐོབ་པར་མི་འགྱུར་ཞེས་སྨྲས། 27 ཉིན་བདུན་པ་ལ་མི་ཚོགས་ཁྲོད་ནས་ཁ་ཤས་བག་ལེབ་བསྡུ་རུ་སོང་ཡང་ཅི་ཡང་མ་ཐོབ། 28 དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཅག་གིས་ནམ་ཞིག་གི་བར་དུ་ངའི་བཀའ་དང་ངའི་བཀའ་ཁྲིམས་མི་བསྲུང་བ་ཡིན་ནམ། 29 ལྟོས་དང་། དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་ངལ་གསོ་བའི་ཉིན་དེ་གནང་བས། ཁོང་གིས་ཁྱོད་རྣམས་ལ་ཉིན་དྲུག་པར་ཉིན་གཉིས་ཀྱི་ཁ་ཟས་གནང་ཞིང་། ཉིན་བདུན་པར་མི་རེ་རེ་རང་རང་གི་གནས་སུ་འདུག་དགོས་ལ་སུ་ཡང་ཕྱི་རུ་འགྲོ་མི་ཆོག་ཅེས་གསུངས་པས། 30 མི་ཚོགས་ཀྱིས་ཉིན་བདུན་པར་ངལ་གསོས་སོ། །
31 ཡང་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ཀྱིས་བག་ལེབ་དེའི་མིང་ལ་མཱན་ནཱ་ཞེས་བཏགས། དེ་ནི་སྔོ་སྨན་འུ་སུ་ལྟར་ཡིན་ཞིང་དཀར་པོ་ཡིན་པ་དང་། དེའི་རོ་ནི་སྦྲང་རྩི་བསྲེས་པའི་གོར་སྲབ་ལྟར་ཡོད། 32 དེ་ནས་མོ་ཤེ་ན་རེ། དཀོན་མཆོག་ཡ་ཝཱེས་བཀའ་འདི་གནང་བ་སྟེ། ཁྱོད་ཅག་གིས་མི་རབས་ཕྱི་མ་རྣམས་ཀྱི་ཕྱིར་མཱན་ནཱ་ཞེས་པ་དེ་ཨོ་མཱར་གང་གཅེས་སྲུང་བྱོས་ཤིག གང་ལ་ཟེར་ན། བདག་གིས་ཁྱོད་ཅག་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་དེ་དབེན་སྟོང་དུ་ཁྱོད་ཅག་ལ་ཟས་སུ་བྱིན་པའི་བག་ལེབ་དེ་ཁོ་རྣམས་ཀྱིས་མཐོང་བའི་ཕྱིར་ཡིན་ཞེས་སྨྲས་པ་དང་། 33 མོ་ཤེ་ཡིས་ཨ་རོན་ལ། བུམ་པ་ཞིག་ཁྱེར་ནས་མཱན་ནཱ་ཨོ་མཱར་གང་དེའི་ནང་དུ་ཆུག་དང་། ཁྱོད་ཅག་གི་མི་རབས་ཕྱི་མ་རྣམས་ཀྱི་ཕྱིར་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཞོག་ཅིག་ཅེས་སྨྲས་སོ། ། 34 དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བཀའ་གནང་བ་བཞིན་དུ། ཨ་རོན་གྱིས་དེ་ལྟར་བྱས་ཤིང་། གཅེས་སྲུང་བྱེད་པའི་ཕྱིར་མཱན་ནཱ་དེ་དཔང་མཛད་ཤུར་སྒམ་གྱི་མདུན་དུ་བཞག 35 ཡེས་ར་ཨེལ་པ་རྣམས་ཀྱིས་མི་གཞན་བསྡད་ཡོད་པའི་ཡུལ་ཏེ་ཀ་ན་ཨན་ཡུལ་གྱི་ས་མཚམས་སུ་སླེབས་པའི་བར་དུ་ལོ་ངོ་བཞི་བཅུའི་རིང་ལ་མཱན་ནཱ་ཟོས་སོ། ། 36 ཨོ་མཱར་གང་ནི་ཨེ་ཕཱའི་བཅུ་ཆ་གཅིག་ཡིན་ནོ། །
* ལེའུ་བཅུ་དྲུག་པ།:16 ཨོ་མཱར་ཞེས་པ་ནི་གནའ་བོའི་ཡ་ཧུ་དཱ་མི་རིགས་ཀྱི་འཇལ་བྱེད་ཚད་གཞི་ཞིག་གི་མིང་ཡིན་ལ། ཨོ་མཱར་གཅིག་ནི་ཨེ་ཕཱའི་བཅུ་ཆ་གཅིག་ཡིན། དེ་ནི་ལེའུ་འདིའི་ཚིག་རྐང་སོ་དྲུག་པར་གསལ། དེང་སང་གི་སྤྱི་བྲེ་གཉིས་ཙམ་ཡིན། ལེའུ་བཅུ་དྲུག་པ།:36 ཨེ་ཕཱ་ཞེས་པ་ནི་ཡ་ཧུ་དཱའི་སྐད་ཀྱི་འཇལ་བྱེད་ཅིག་གི་མིང་ཡིན་ལ། ཨེ་ཕཱ་གཅིག་ནི་སྤྱི་རྒྱ་ཉི་ཤུ་ཙམ་ཡིན།