ལེའུ་བཅུ་བདུན་པ།
ཧོ་རེབ་རི་བོའི་བྲག་ལས་ཆུ་ཐོན་པ།
དེ་ནས་ཡེས་ར་ཨེལ་པ་རྣམས་ཀྱི་མི་ཚོགས་ཐམས་ཅད་དཀོན་མཆོག་ཡ་ཝཱེའི་བཀའ་བཞིན་དུ། ས་ཆ་ས་ཆ་བྱས་ནས་སིན་ཟེར་བའི་དབེན་སྟོང་ནས་ཆས་པ་དང་། རཱ་ཕི་དིམ་བྱ་བའི་གནས་ལ་སྒར་བཏབ། འོན་ཀྱང་མི་རྣམས་ལ་འཐུང་ཆུ་མེད་པས། མོ་ཤེ་ལ་ཁ་རྩོད་བྱས་ནས་ངེད་རྣམས་ལ་འཐུང་ཆུ་བླུད་ཅེས་སྨྲས་པར། མོ་ཤེ་ཡིས་དེ་དག་ལ། ཁྱོད་ཅག་གིས་ཅིའི་ཕྱིར་ང་ལ་ཁ་རྩོད་བྱེད་དམ། ཅིའི་ཕྱིར་དཀོན་མཆོག་ཡ་ཝཱེ་ལ་ཚོད་བགམ་བྱེད་དམ་ཞེས་སྨྲས། མི་ཚོགས་དེ་སྐོམ་པས་གདུངས་ཏེ་མོ་ཤེ་ལ་སྡུག་ཡུས་བཏོན་ཞིང་ན་རེ། ཁྱོད་ཀྱིས་ངེད་ཅག་ཨེ་ཅིབ་ཡུལ་ནས་ཡར་ཁྲིད་ཡོང་སྟེ། ངེད་ཅག་དང་ངེད་རྣམས་ཀྱི་བུ་ཕྲུག་དང་། ཕྱུགས་ཟོག་རྣམས་སྐོམ་ནས་འཆི་རུ་འཇུག་དོན་ཅི་ཡིན་ཞེས་སྨྲས་པས། མོ་ཤེ་ཡིས་དཀོན་མཆོག་ཡ་ཝཱེ་ལ་ཞུ་འབོད་བྱས་ཏེ། མི་འདི་རྣམས་ལ་བདག་གིས་ཅི་ཞིག་བྱའམ། དེ་དག་གིས་ང་རང་རྡོ་རུབ་གཏོང་གྲབས་འདུག་ཅེས་ཞུས་པ་ལ། དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་རང་མི་རྣམས་ཀྱི་མདུན་ཕྱོགས་ནས་ཕར་སྐྱོད་ཅིག ཡེས་ར་ཨེལ་གྱི་རྒན་པོ་འགའ་ཞིག་ཁྱོད་དང་མཉམ་དུ་ཁྲིད་དང་། ནཱ་ཡོལ་གཙང་པོ་ལ་བརྡེགས་པའི་འཁར་བ་དེ་རང་གི་ལག་ཏུ་ཁྱེར་ལ་སོང་ཞིག ལྟོས་དང་། ང་རང་ཧོ་རེབ་རི་བོའི་བྲག་རྡོ་ཡོད་སར་ཁྱོད་ཀྱི་མདུན་དུ་སྡོད་པར་བྱ་སྟེ། ཁྱོད་ཀྱིས་བྲག་རྡོ་དེ་ལ་རྡུངས་དང་། མི་རྣམས་ཀྱིས་འཐུང་བའི་ཕྱིར་དེ་ལས་ཆུ་འཐོན་ཡོང་ཞེས་གསུངས་པ་དང་། མོ་ཤེ་ཡིས་ཀྱང་ཡེས་ར་ཨེལ་གྱི་རྒན་པོ་རྣམས་ཀྱི་མིག་མདུན་དུ་དེ་བཞིན་བྱས། ཡེས་ར་ཨེལ་པ་རྣམས་ཀྱིས་གནས་དེར་རྩོད་གླེང་སྤེལ་བ་དང་། ཡང་དཀོན་མཆོག་ཡ་ཝཱེ་ལ་ཚོད་བགམས་ཏེ་དཀོན་མཆོག་ཡ་ཝཱེ་ངེད་ཅག་གི་དཀྱིལ་དུ་བཞུགས་སམ་མི་བཞུགས་ཞེས་སྨྲས་པས། མོ་ཤེ་ཡིས་གནས་དེའི་མིང་ལ་མཱ་སཱ་ *དང་མེ་རི་བཱ་ཞེས་བཏགས་སོ། །
ཨ་མཱད་ལེག་མི་རིགས་ལས་རྣམ་པར་རྒྱལ་བ།
སྐབས་དེར་ཨ་མཱད་ལེག་གི་མི་རྣམས་འོངས་ཏེ། རཱ་ཕི་དིམ་ཡུལ་དུ་ཡེས་ར་ཨེལ་དང་འཐབ་ཅིང་། མོ་ཤེ་ཡིས་ཡོ་ཤུ་ཨ་ལ་ན་རེ། རང་ཅག་གི་ཕྱིར་སྐྱེས་པ་རྣམས་བདམས་ནས་ཨ་མཱད་ལེག་པ་རྣམས་དང་འཐབ་ཏུ་སོང་། སང་ཉིན་བདག་གིས་ལག་ཏུ་དཀོན་མཆོག་གི་འཁར་བ་བཟུང་ནས་རི་བོའི་རྩེ་མོར་ལངས་སྡོད་པར་བྱའོ་ཞེས་སྨྲས་པ་དང་། 10 ཡོ་ཤུ་ཨ་ཡིས་མོ་ཤེའི་བཀའ་བཞིན་བྱས་ཏེ་ཨ་མཱད་ལེག་པ་རྣམས་དང་འཐབ་ཅིང་། མོ་ཤེ་དང་ཨ་རོན་དང་ཧུ་རཱ་བཅས་རི་བོའི་རྩེ་མོར་འགོས། 11 ཡང་འདི་ལྟར་བྱུང་བ་སྟེ། མོ་ཤེ་ཡིས་ནམ་ཞིག་ལ་ལག་པ་ཡར་བཀྱགས་ཚེ་ཡེས་ར་ཨེལ་པ་རྣམས་རྒྱལ་བ་དང་། ནམ་ཞིག་ལ་ལག་པ་མར་བཞག་ཚེ་ཨ་མཱད་ལེག་པ་རྣམས་རྒྱལ་བ་རེད། 12 འོན་ཀྱང་མོ་ཤེའི་ལག་པ་ངལ་བས། ཨ་རོན་དང་ཧུ་རཱ་གཉིས་ཀྱིས་རྡོ་ཞིག་ཁྱེར་འོངས་ཏེ་ཁོའི་འཕོངས་སྟེགས་བྱེད་དུ་བཅུག་པ་དང་ཁོ་དེ་ལ་བསྡད་ཅིང་། དེ་གཉིས་ཀྱིས་གཅིག་གིས་གཡས་དང་གཅིག་གིས་གཡོན་ནས་ཁོའི་ལག་པ་བསྐྱོར་བ་དང་། ཁོའི་ལག་པ་ཉི་མ་ནུབ་པའི་བར་དུ་བརྟན་པོར་ཚུགས། 13 ཡང་ཡོ་ཤུ་ཨ་ཡིས་ཨ་མཱད་ལེག་རྒྱལ་པོ་དང་དེའི་འབངས་མི་རྣམས་རལ་གྲིས་ཕམ་པར་བརྒྱབ། 14 དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ངས་ཨ་མཱད་ལེག་གི་མིང་ཡང་གནམ་འོག་ཏུ་རྩ་བ་ནས་གསུབ་པར་བྱ། རྗེས་དྲན་གྱི་ཕྱིར་གཏམ་དེ་ཤོག་སྒྲིལ་སྟེང་བྲིས་ཏེ་ཡོ་ཤུ་ཨའི་རྣ་ལམ་དུ་འཇོག་དགོས་ཞེས་གསུངས་སོ། ། 15 མོ་ཤེ་ཡིས་མཆོད་ཁྲི་ཞིག་བཞེངས་ནས་དེའི་མིང་ལ་དཀོན་མཆོག་ཡ་ཝཱེ་བདག་གི་རུ་དར་ཡིན་ཞེས་བཏགས་ཏེ་ན་རེ། 16 དཀོན་མཆོག་ཡ་ཝཱེས་མནའ་བཞེས་པ་ཡིན་པས། ཁོང་གིས་ཨ་མཱད་ལེག་མི་རིགས་ལ་མི་རབས་ནས་མི་རབས་བར་དུ་དཔུང་འཇུག་བྱེད་པར་འགྱུར་ཞེས་སྨྲས་སོ། །
* ལེའུ་བཅུ་བདུན་པ།:7 མཱ་སཱ་ཞེས་པ་ནི་ཚོད་བགམ་གྱི་དོན་ཡིན། ལེའུ་བཅུ་བདུན་པ།:7 མེ་རི་བཱ་ཞེས་པ་ནི་རྩོད་གླེང་གི་དོན་ཡིན།