ལེའུ་བརྒྱད་པ།
སྦལ་བའི་ཆག་སྒོ།
དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཕཱར་ཨོལ་གྱི་མདུན་དུ་སོང་ནས་དེ་ལ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། བདག་ལ་བསྙེན་བཀུར་བྱེད་པའི་ཆེད་དུ་བདག་གི་མི་རྣམས་འགྲོ་རུ་ཆུག གལ་ཏེ་ཁྱོད་ཀྱིས་དེ་རྣམས་འགྲོ་བར་མི་འཇུག་ན། ལྟོས་དང་། བདག་གིས་ཁྱོད་ཀྱི་རྒྱལ་ཁམས་ཐམས་ཅད་སྦལ་བར་བརྫི་རུ་འཇུག་རྒྱུ་ཡིན། ནཱ་ཡོལ་གཙང་པོར་སྦལ་བས་གང་བ་དང་། དེ་དག་ཐོན་ནས་ཁྱོད་ཀྱི་ཕོ་བྲང་དང་། གཟིམ་ཁང་དང་། མལ་ཁྲིའི་སྟེང་དང་། ཁྱོད་ཀྱི་འཁོར་གཡོག་རྣམས་ཀྱི་ཁང་པ་དང་། ཁྱོད་ཀྱི་འབངས་མི་རྣམས་ཀྱི་ལུས་སྟེང་དང་། ཁྱོད་ཀྱི་གཡོས་ཐབ་དང་། ཕྱེ་བརྫི་སའི་གཞོང་པ་བཅས་ཀྱི་ནང་དུ་འོང་བར་འགྱུར་ལ། ཡང་ཁྱོད་དང་ཁྱོད་ཀྱི་འབངས་མི་དང་ཁྱོད་ཀྱི་འཁོར་གཡོག་ཐམས་ཅད་ཀྱི་ལུས་སྟེང་དུ་འོང་བར་འགྱུར་ཞེས་སྨྲོས་ཤིག་ཅེས་གསུངས་སོ། ། ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་ཨ་རོན་ལ། ཁྱོད་ཀྱིས་ལག་གི་འཁར་བ་ནི་གཙང་པོ་དང་། གྲོག་ཆུ་དང་། རྫིང་བུ་རྣམས་ཀྱི་ཕྱོགས་སུ་རྐྱོངས་ལ། སྦལ་བ་རྣམས་ཨེ་ཅིབ་ཡུལ་ལ་ཡོང་དུ་ཆུག་སྨྲོས་ཤིག་ཅེས་གསུངས། དེ་ནས་ཨ་རོན་གྱིས་ལག་པ་ཨེ་ཅིབ་ཡུལ་གྱི་ཆུ་རྣམས་ཀྱི་ཕྱོགས་སུ་བརྐྱངས་པ་ན་སྦལ་བ་ཐོན་ཏེ་ཨེ་ཅིབ་ཡུལ་ཁེབས་པ་དང་། སྒྱུ་མ་མཁན་རྣམས་ཀྱིས་ཀྱང་རྫུ་འཕྲུལ་ལ་བརྟེན་ནས་དེ་བཞིན་བྱས་ཤིང་སྦལ་བ་རྣམས་ཨེ་ཅིབ་ཡུལ་ལ་ཡོང་དུ་བཅུག་གོ །
ཕཱར་ཨོལ་གྱིས་མོ་ཤེ་དང་ཨ་རོན་གཉིས་བོས་ཏེ་ན་རེ། ཁྱོད་གཉིས་ཀྱིས་དཀོན་མཆོག་ཡ་ཝཱེས་སྦལ་བ་རྣམས་ང་རང་དང་ངའི་འབངས་མི་རྣམས་དང་འབྲལ་བར་མཛད་པའི་ཕྱིར་ཞུ་བ་བྱོས་དང་། བདག་གིས་མི་རྣམས་དཀོན་མཆོག་ཡ་ཝཱེ་ལ་མཆོད་པ་འབུལ་དུ་འགྲོ་རུ་འཇུག་ཅེས་སྨྲས་པ་ལ། མོ་ཤེ་ཡིས་ཕཱར་ཨོལ་ལ་འདི་ལྟར། སྦལ་བ་རྣམས་ཁྱོད་དང་ཁྱོད་ཀྱི་ཁང་པ་རྣམས་དང་བྲལ་ནས་ནཱ་ཡོལ་གཙང་པོ་འབའ་ཞིག་གི་ནང་དུ་ལུས་པའི་ཕྱིར། ངས་ཁྱོད་དང་ཁྱོད་ཀྱི་འཁོར་གཡོག་རྣམས་དང་འབངས་མི་རྣམས་ཀྱི་དོན་དུ་དུས་ནམ་ཞིག་ལ་ཞུ་བ་བྱེད་དགོས་པ་ཁྱོད་ཀྱིས་ང་ལ་སྨྲ་བར་གྱིས་ཞེས་སྨྲས་ཤིང་། 10 ཁོས་སང་ཉིན་ཞེས་སྨྲས་པ་དང་། མོ་ཤེ་ན་རེ། ངེད་ཅག་གི་དཀོན་མཆོག་ཡ་ཝཱེ་དང་འདྲ་བ་གཅིག་ཀྱང་མེད་པ་ཁྱོད་ཀྱིས་ཤེས་པའི་ཕྱིར་ཁྱོད་ཀྱི་གཏམ་བཞིན་གྲུབ་གྱུར་ཅིག 11 སྦལ་བ་རྣམས་ཁྱོད་དང་ཁྱོད་ཀྱི་ཁང་པ་རྣམས་དང་། འཁོར་གཡོག་དང་འབངས་མི་རྣམས་དང་བྲལ་ནས། ནཱ་ཡོལ་གཙང་པོ་འབའ་ཞིག་གི་ནང་དུ་ལུས་པར་འགྱུར་ཞེས་སྨྲས། 12 དེ་ནས་མོ་ཤེ་དང་ཨ་རོན་གཉིས་ཕཱར་ཨོལ་དང་བྲལ་རྗེས། ཕཱར་ཨོལ་ལ་རྙོག་དྲ་བཟོས་པའི་སྦལ་བ་རྣམས་ཀྱི་ཕྱིར་མོ་ཤེ་ཡིས་དཀོན་མཆོག་ཡ་ཝཱེ་ལ་སྐད་ཆེན་པོས་གསོལ་བ་བཏབ་ཅིང་། 13 དཀོན་མཆོག་ཡ་ཝཱེས་མོ་ཤེའི་ཞུ་བ་བཞིན་མཛད་དེ། ཁང་པ་དང་ར་བ་རྣམས་དང་ཞིང་སའི་ནང་དུ་ཡོད་པའི་སྦལ་བ་དག་ཤི་བ་དང་། 14 མི་རྣམས་ཀྱིས་སྦལ་རོ་བསྡུ་རུབ་བྱས་ནས་སྤུངས་པ་ལ་ཡུལ་ཕྱོགས་ཀུན་ཏུ་དྲི་ངན་འཐུལ། 15 འོན་ཀྱང་ཕཱར་ཨོལ་གྱིས་ཆག་སྒོ་ཞི་བ་མཐོང་སྟེ། དཀོན་མཆོག་ཡ་ཝཱེས་གསུངས་པ་བཞིན་དུ་ཁོས་སེམས་གྱོང་པོར་བྱས་ནས་མོ་ཤེ་དང་ཨ་རོན་གཉིས་ལ་མ་མཉན་ཏོ། །
ཤིག་གི་ཆག་སྒོ།
16 དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཨ་རོན་ལ་ཁྱོད་ཀྱིས་རང་གི་འཁར་བ་བརྐྱངས་ནས་ས་སྟེང་གི་རྡུལ་ལ་རྡེགས་ཤིག་དང་། ཨེ་ཅིབ་ཡུལ་ཀུན་ཏུ་རྡུལ་ནི་ཤིག་ལ་འགྱུར་བར་ངེས་ཞེས་སྨྲོས་ཤིག་ཅེས་གསུངས་པ་ལ། 17 ཁོ་གཉིས་ཀྱིས་དེ་བཞིན་དུ་བྱས་ཏེ་ཨ་རོན་གྱིས་ལག་གི་འཁར་བ་བརྐྱངས་ནས་ས་རྡུལ་ལ་བརྡེགས་པ་དང་། མི་དང་དུད་འགྲོའི་སྟེང་དུ་ཤིག་བྱུང་ཞིང་། ཨེ་ཅིབ་ཡུལ་ཐམས་ཅད་ཀྱི་ས་རྡུལ་ཡོངས་རྫོགས་ཤིག་ཏུ་གྱུར། 18 སྒྱུ་མ་མཁན་དག་གིས་ཀྱང་རྫུ་འཕྲུལ་ལ་བརྟེན་ནས་ཤིག་འབྱུང་དུ་འཇུག་བསམ་ཡང་དེ་ལྟར་བྱེད་མ་ནུས་ཤིང་། མི་དང་དུད་འགྲོ་རྣམས་ཀྱི་སྟེང་དུ་ཤིག་ཡོད་དོ། ། 19 དེ་ནས་སྒྱུ་མ་མཁན་རྣམས་ཀྱིས་ཕཱར་ཨོལ་ལ། འདི་ནི་དཀོན་མཆོག་གི་ནུས་མཐུ་ *ཡིན་འདུག་ཅེས་སྨྲས་ནའང་། ཕཱར་ཨོལ་གྱི་སེམས་གྱོང་པོར་གྱུར་ཏེ་དཀོན་མཆོག་ཡ་ཝཱེས་གསུངས་པ་བཞིན་དུ་ཁོས་མོ་ཤེ་དང་ཨ་རོན་གཉིས་ལ་མ་མཉན་ཏོ། །
སྦྲང་ནག་གི་ཆག་སྒོ།
20 ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཐོ་རངས་ཡར་ལངས་ཏེ། ཕཱར་ཨོལ་ཆུ་ཁར་འགྲོ་དུས་ཁོའི་མདུན་དུ་སོང་ནས་དེ་ལ་འདི་ལྟར་ཤོད་ཅིག དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ང་ལ་བསྙེན་བཀུར་བྱེད་པའི་ཆེད་དུ་བདག་གི་འབངས་མི་འགྲོ་རུ་ཆུག 21 གལ་ཏེ་ཁྱོད་ཀྱིས་བདག་གི་འབངས་མི་འགྲོ་རུ་མི་འཇུག་ན། ལྟོས་དང་། བདག་གིས་ཁྱོད་དང་ཁྱོད་ཀྱི་འཁོར་གཡོག་དང་ཁྱོད་ཀྱི་འབངས་མི་རྣམས་ཀྱི་སྟེང་དུ་སྦྲང་ནག་གི་ཁྱུ་ཚོགས་གཏོང་ངེས་པ་དང་། ཁྱོད་ཀྱི་ཕོ་བྲང་ནང་དུ་འཛུལ་བར་མ་ཟད། ཨེ་ཅིབ་པ་རྣམས་ཀྱི་ཁང་པ་དང་དེ་དག་གི་སྡོད་གནས་སུའང་སྦྲང་ནག་གིས་གང་བར་འགྱུར། 22 ཡང་ཉིན་དེ་ལ་ངས་རང་གི་འབངས་མི་གནས་པའི་གོ་ཤེན་ཡུལ་ལོགས་སུ་བཀར་ནས། དེ་རུ་སྦྲང་ནག་གི་ཁྱུ་ཚོགས་ཡོད་པར་མི་འགྱུར་ཏེ། བདག་ནི་གནམ་འོག་གི་ཡ་ཝཱེ་ཡིན་པ་ཁྱོད་ལ་ཤེས་སུ་འཇུག་པའི་ཕྱིར་རོ། ། 23 བདག་གིས་རང་གི་འབངས་མི་ཁྱོད་ཀྱི་མི་ལས་ལོགས་སུ་བཀར་བ་དང་། སང་ཉིན་གྲུབ་རྟགས་དེ་འབྱུང་བར་འགྱུར་གསུངས་ཞེས་སྨྲོས་ཤིག་ཅེས་གསུངས། 24 དེ་ནས་དཀོན་མཆོག་ཡ་ཝཱེས་དེ་བཞིན་མཛད་དེ། སྦྲང་ནག་གི་ཁྱུ་ཚོགས་ཆེན་པོ་ཕཱར་ཨོལ་གྱི་ཕོ་བྲང་དང་དེའི་འཁོར་གཡོག་རྣམས་ཀྱི་ཁང་པ་རུ་བཏབ་པ་དང་། ཨེ་ཅིབ་ཡུལ་ཐམས་ཅད་སྦྲང་ནག་གི་ཁྱུ་ཚོགས་ཀྱིས་བརླགས་སོ། །
25 དེ་ནས་ཕཱར་ཨོལ་གྱིས་མོ་ཤེ་དང་ཨ་རོན་གཉིས་བོས་ཏེ་ན་རེ། ཁྱོད་རྣམས་སོང་ལ་ཡུལ་འདི་ནས་ཁྱོད་ཅག་གི་དཀོན་མཆོག་ལ་མཆོད་པ་ཕུལ་ཞིག་ཅེས་སྨྲས། 26 འོན་ཀྱང་མོ་ཤེ་ཡིས་འདི་ལྟར། དེ་ལྟར་བྱེད་མི་འོས་ཏེ། ངེད་རྣམས་ཀྱིས་ཨེ་ཅིབ་པ་རྣམས་ཞེན་པ་ལོག་པ་གང་དེ་ངེད་ཅག་གི་དཀོན་མཆོག་ཡ་ཝཱེ་ལ་མཆོད་པར་འབུལ་ཡོང་། ཨེ་ཅིབ་པ་རྣམས་ཞེན་པ་ལོག་པ་གང་དེ་ཁོ་ཚོའི་མིག་མདུན་དུ་མཆོད་པར་ཕུལ་ན་དེ་དག་གིས་ངེད་རྣམས་རྡོ་རུབ་གཏོང་བ་མ་ཡིན་ནམ། 27 ངེད་རྣམས་ཉིན་གསུམ་གྱི་ལམ་ལ་དབེན་སྟོང་དུ་སོང་ནས། ངེད་ཅག་གི་དཀོན་མཆོག་ཡ་ཝཱེས་བཀའ་བསྩལ་པ་བཞིན་དུ་ཁོང་ལ་མཆོད་པ་འབུལ་དགོས་ཞེས་སྨྲས། 28 དེ་ནས་ཕཱར་ཨོལ་ན་རེ། ངས་ཁྱོད་ཅག་དབེན་སྟོང་དུ་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ལ་མཆོད་པ་འབུལ་བར་འགྲོ་རུ་འཇུག་མོད། འོན་ཀྱང་ཁྱོད་རྣམས་ཐག་རིང་ལ་མ་འགྲོ་ཞིག ངའི་དོན་དུ་གསོལ་བ་ཐོབས་ཤིག་ཅེས་སྨྲས་པ་ལ། 29 མོ་ཤེ་ཡིས་འདི་ལྟར། ལྟོས་དང་། ང་རང་འདི་ནས་སོང་མ་ཐག་དཀོན་མཆོག་ཡ་ཝཱེ་ལ་གསོལ་བ་འདེབས་པར་བྱ་སྟེ། སང་ཉིན་སྦྲང་ནག་གི་ཁྱུ་ཚོགས་ཕཱར་ཨོལ་དང་ཁོའི་འཁོར་གཡོག་རྣམས་དང་། འབངས་མི་རྣམས་དང་འབྲལ་བར་གྱུར་ཅིག་ཅེས་ཞུ་བ་ཡིན་མོད། འོན་ཀྱང་མི་རྣམས་དཀོན་མཆོག་ཡ་ཝཱེ་ལ་མཆོད་པ་འབུལ་བར་འགྲོ་རུ་མི་འཇུག་པའི་གཡོ་སྒྱུའི་སྦྱོར་བ་ནི་ཕཱར་ཨོལ་གྱིས་ཡང་བསྐྱར་སྤེལ་མི་རུང་ཞེས་སྨྲས་སོ། །
30 དེ་ནས་མོ་ཤེ་ཡིས་ཕཱར་ཨོལ་དང་བྲལ་ནས་དཀོན་མཆོག་ཡ་ཝཱེ་ལ་གསོལ་བ་བཏབ་པ་དང་། 31 དཀོན་མཆོག་ཡ་ཝཱེས་མོ་ཤེ་ཡིས་གསོལ་བ་བཏབ་པ་བཞིན་དུ་མཛད་དེ། སྦྲང་ནག་གི་ཁྱུ་ཚོགས་ཕཱར་ཨོལ་དང་དེའི་འཁོར་གཡོག་རྣམས་དང་། འབངས་མི་རྣམས་དང་བྲལ་བར་མཛད་ནས་གཅིག་ཀྱང་མ་ལུས་སོ། ། 32 ཐེངས་དེར་ཕཱར་ཨོལ་གྱིས་ཡང་སེམས་གྱོང་པོར་བྱས་ནས་མི་རྣམས་འགྲོ་རུ་མ་བཅུག་གོ །
* ལེའུ་བརྒྱད་པ།:19 མ་ཕྱི་ལས་ཕྱག་མཛུབ་ཅེས་བྲིས་ཡོད་ཀྱང་དོན་ནི་ནུས་མཐུར་གོ་དགོས་པས་འདིར་དོན་སྒྱུར་བྱས་པ་ཡིན།