ལེའུ་དགུ་པ།
ཕྱུགས་ཟོག་ལ་གོད་ཁ་བྱུང་བའི་ཆག་སྒོ།
དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཕཱར་ཨོལ་གྱི་མདུན་དུ་སོང་ནས་ཁོ་ལ་འདི་ལྟར་ཤོད་དང་། ཨིབ་རི་པ་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ང་ལ་བསྙེན་བཀུར་བྱེད་པའི་ཆེད་དུ་ངའི་མི་རྣམས་འགྲོ་རུ་ཆུག་ཅེས་གསུངས། གལ་ཏེ་ཁྱོད་ཀྱིས་དེ་དག་ད་དུང་བཀག་ནས་འགྲོ་རུ་མི་འཇུག་ན། ལྟོས་དང་། དཀོན་མཆོག་ཡ་ཝཱེའི་ཕྱག་གིས་ཁྱོད་ཀྱི་ཞིང་ལ་ཡོད་པའི་ཕྱུགས་ཟོག་སྟེ། རྟ་དང་། བོང་བུ་དང་། རྔ་མོང་དང་། བ་གླང་གི་ཁྱུ་དང་། ར་ལུག་གི་ཁྱུ་བཅས་ལ་ནད་ཡམས་ཤིན་ཏུ་ལྕི་མོ་ཞིག་འབྱུང་བར་མཛད། འོན་ཀྱང་དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་པ་རྣམས་ཀྱི་ཕྱུགས་ཟོག་ནི་ཨེ་ཅིབ་པ་རྣམས་ཀྱི་ཕྱུགས་ཟོག་ལས་ལོགས་སུ་བཀར་ཏེ། ཡེས་ར་ཨེལ་པ་རྣམས་ལ་དབང་བའི་ཕྱུགས་ཟོག་ལས་གཅིག་ཀྱང་འཆི་བར་མི་འགྱུར་བའི་ཕྱིར་ཡིན་ཞེས་སྨྲ་དགོས་པར་གསུངས་སོ། །
ཡང་དཀོན་མཆོག་ཡ་ཝཱེས་དུས་བཅད་མཛད་དེ་འདི་སྐད་དུ། སང་ཉིན་ཡ་ཝཱེས་ཡུལ་འདིར་དོན་འདི་བསྒྲུབ་ངེས་ཡིན་ཞེས་གསུངས་པ་དང་། དེའི་ཕྱི་ཉིན་དཀོན་མཆོག་ཡ་ཝཱེས་དོན་དེ་མཛད་ཅིང་། ཨེ་ཅིབ་པའི་ཕྱུགས་ཟོག་ཐམས་ཅད་ཤི་ནའང་། ཡེས་ར་ཨེལ་པ་རྣམས་ཀྱི་ཕྱུགས་ཟོག་ལས་གཅིག་ཀྱང་མ་ཤིའོ། ། ཕཱར་ཨོལ་གྱིས་མི་མངགས་ནས་བལྟ་རུ་ཕྱིན་པ་ན། ལྟོས་དང་། ཡེས་ར་ཨེལ་པ་རྣམས་ཀྱི་ཕྱུགས་ཟོག་ལས་གཅིག་ཀྱང་མ་ཤི་བ་མཐོང་མོད། འོན་ཀྱང་ཕཱར་ཨོལ་གྱི་སེམས་གྱོང་པོར་གྱུར་ཏེ་མི་རྣམས་འགྲོ་རུ་མ་བཅུག་གོ །
གཉན་འབུར་གྱི་ཆག་སྒོ།
དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་དང་ཨ་རོན་གཉིས་ལ་འདི་སྐད་དུ། སྲེག་ཐབ་ནས་དུ་དྲེག་སྤར་གང་ལོངས་ལ། མོ་ཤེ་ཡིས་ཕཱར་ཨོལ་གྱི་མིག་མདུན་དུ་གནམ་ལ་གཏོར་ཅིག་དང་། དུ་དྲེག་དེ་ནི་ཨེ་ཅིབ་ཡུལ་ཡོངས་སུ་རྡུལ་དུ་འགྱུར་ཞིང་། མི་ཕྱུགས་གཉིས་ཀྱི་ལུས་སྟེང་དུ་གཉན་འབུར་ཆུ་བུར་ཅན་དུ་འགྱུར་འོང་ཞེས་གསུངས་པ་ལ། 10 མོ་ཤེ་དང་ཨ་རོན་གཉིས་ཀྱིས་དུ་དྲེག་བླངས་ནས་ཕཱར་ཨོལ་གྱི་མདུན་དུ་འགྲེང་སྟེ། མོ་ཤེ་ཡིས་དེ་གནམ་ལ་གཏོར་བ་ན། མི་ཕྱུགས་གཉིས་ཀྱི་ལུས་སྟེང་དུ་གཉན་འབུར་ཆུ་བུར་ཅན་དུ་གྱུར། 11 སྒྱུ་མ་མཁན་དེ་དག་དང་ཨེ་ཅིབ་པ་ཐམས་ཅད་ཀྱི་ལུས་སྟེང་དུ་གཉན་འབུར་བྱུང་བས། སྒྱུ་མ་མཁན་དེ་དག་མོ་ཤེའི་མདུན་དུ་ཚུགས་མ་ཐུབ། 12 འོན་ཀྱང་དཀོན་མཆོག་ཡ་ཝཱེས་ཕཱར་ཨོལ་གྱི་སེམས་གྱོང་པོར་མཛད་ཅིང་མོ་ཤེ་ལ་གསུངས་པ་བཞིན་དུ་ཕཱར་ཨོལ་གྱིས་མོ་ཤེ་དང་ཨ་རོན་གཉིས་ལ་མ་མཉན་ཏོ། །
སེར་བ་ཆེན་པོའི་ཆག་སྒོ།
13 དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་རང་ཐོ་རངས་ཡར་ལངས་ཏེ། ཕཱར་ཨོལ་གྱི་མདུན་དུ་ལངས་བསྡད་ནས་ཁོ་ལ་འདི་ལྟར་ཤོད་ཅིག ཨིབ་རི་པ་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། བདག་ལ་བསྙེན་བཀུར་བྱེད་པའི་ཆེད་དུ་ངའི་འབངས་མི་འགྲོ་རུ་ཆུག 14 རྒྱུ་མཚན་ནི་ཐེངས་འདིར་བདག་གིས་ཆག་སྒོ་ཐམས་ཅད་ཁྱོད་དང་ཁྱོད་ཀྱི་འཁོར་གཡོག་རྣམས་དང་། ཁྱོད་ཀྱི་འབངས་མི་རྣམས་ཀྱི་སྟེང་དུ་འབབ་པར་བྱ་སྟེ། བདག་དང་འདྲ་བ་ཞིག་གནམ་འོག་ཀུན་ཏུ་མེད་པ་ཁྱོད་ཀྱིས་ཤེས་པར་འགྱུར་བའི་ཕྱིར་རོ། ། 15 ད་ལྟ་བདག་གིས་ལག་པ་བརྐྱངས་ཏེ་ནད་ཡམས་ཀྱིས་ཁྱོད་དང་ཁྱོད་ཀྱི་འབངས་མི་རྣམས་ལ་རྒོལ་བ་ཡིན་ན། ཁྱོད་རང་སྔར་ནས་ས་སྟེང་དུ་མེད་པར་གྱུར་པ་ཡིན། 16 དོན་དམ་དུ་བདག་གི་ནུས་མཐུ་ཁྱོད་ལ་མངོན་པ་དང་། བདག་གི་མིང་ནི་གནམ་འོག་ཀུན་ཏུ་བསྒྲག་པའི་ཕྱིར་ཁྱོད་རང་དར་བར་བྱས་པ་ཡིན་མོད། 17 འོན་ཀྱང་ཁྱོད་ཀྱིས་ད་དུང་བདག་གི་འབངས་མི་ལ་རང་རློམ་ཆེན་པོ་བྱས་ནས་ཁོ་ཚོ་འགྲོ་རུ་མི་འཇུག་པ་ཡིན་ནམ། 18 ལྟོས་དང་། སང་ཉིན་གྱི་དུས་འདི་ཙམ་ལ་བདག་གིས་སེར་བ་ཆེན་པོ་ཞིག་འབབ་པར་བྱ་སྟེ། ཨེ་ཅིབ་ཡུལ་ཆགས་པའི་དུས་ནས་བཟུང་སེར་བ་དེ་འདྲ་བབས་མྱོང་མེད། 19 ད་ལྟ་ཁྱོད་ཀྱིས་མི་མངགས་ནས་ཁྱོད་ཀྱི་ཕྱུགས་ཟོག་དང་། ཞིང་ལ་གང་ཡོད་པ་ཐམས་ཅད་ནང་ལ་བསྡུས་ཤིག ཞིང་ལ་བསྐྱུར་ཏེ་ནང་དུ་མ་བསྡུས་པ་མི་ཕྱུགས་གང་ཡིན་རུང་སེར་བ་དེའི་སྟེང་ལ་བབས་ནས་འཆི་བར་འགྱུར་ཞེས་སྨྲ་དགོས་པར་གསུངས་སོ། ། 20 ཕཱར་ཨོལ་གྱི་འཁོར་གཡོག་རྣམས་ལས་དཀོན་མཆོག་ཡ་ཝཱེའི་བཀའ་འདི་ལ་འཇིགས་པ་རྣམས་ཀྱིས་རང་གི་གཡོག་པོ་རྣམས་དང་ཕྱུགས་ཟོག་མྱུར་དུ་ཁང་པའི་ནང་ལ་བསྡུས་མོད། 21 འོན་ཀྱང་དཀོན་མཆོག་ཡ་ཝཱེའི་བཀའ་འདི་སེམས་ལ་མ་བཟུང་བ་དག་གིས་གཡོག་པོ་རྣམས་དང་ཕྱུགས་ཟོག་ཞིང་ནང་དུ་བསྐྱུར་བ་རེད།
22 དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་ལག་པ་ནམ་མཁར་རྐྱོངས་དང་། ཨེ་ཅིབ་ཡུལ་ཐམས་ཅད་དེ། མི་དང་ཕྱུགས་ཟོག་དང་ཞིང་ནང་གི་སྐྱེ་དངོས་ཐམས་ཅད་ཀྱི་སྟེང་དུ་སེར་བ་འབབ་པའི་ཕྱིར་ཡིན་ཞེས་གསུངས་པ་ལ། 23 མོ་ཤེ་ཡིས་རང་གི་འཁར་བ་ནམ་མཁར་བརྐྱངས་པ་དང་། དཀོན་མཆོག་ཡ་ཝཱེས་འབྲུག་སྒྲ་གྲགས་པ་དང་སེར་བ་འབབ་པར་མཛད་དེ། ས་ལ་མེའི་གློག་དམར་འཁྱུག་ཅིང་། དཀོན་མཆོག་ཡ་ཝཱེས་ཨེ་ཅིབ་ཡུལ་དུ་སེར་བ་ཕབ་བོ། ། 24 དུས་དེར་སེར་བ་དང་མེའི་གློག་དམར་གཉིས་འདྲེས་ཤིང་ཤིན་ཏུ་དྲག་པོ་ཡིན་ཏེ། ཨེ་ཅིབ་ཡུལ་ཆགས་པའི་དུས་ནས་བཟུང་དེ་ལྟ་བུ་བྱུང་མྱོང་མེད། 25 ཨེ་ཅིབ་ཡུལ་ཐམས་ཅད་དུ། ཞིང་ལ་ཡོད་པའི་མི་ཕྱུགས་གཉིས་ཀ་དང་སྐྱེ་དངོས་ཡོད་ཚད་སེར་བས་བརྡུངས་པ་དང་། ཞིང་གི་ལྗོན་ཤིང་དང་རྩི་ཤིང་མཐའ་དག་ཀྱང་བཅག་པ་དང་། 26 ཡེས་ར་ཨེལ་པ་རྣམས་གནས་པའི་གོ་ཤེན་ཡུལ་འབའ་ཞིག་ཏུ་སེར་བ་མ་བབས་སོ། །
27 དེ་ནས་ཕཱར་ཨོལ་གྱིས་མོ་ཤེ་དང་ཨ་རོན་གཉིས་བོས་འོངས་ནས་དེ་གཉིས་ལ་འདི་ལྟར། ད་རེས་ངས་སྡིག་པ་བྱས་ཤིང་། དཀོན་མཆོག་ཡ་ཝཱེ་དྲང་བདེན་ཡིན་ལ། བདག་དང་བདག་གི་འབངས་མི་རྣམས་ནི་ངན་པ་ཡིན་ནོ། ། 28 དཀོན་མཆོག་གི་འབྲུག་སྒྲ་དང་སེར་བས་ད་ནི་ཆོག་སྟེ། དཀོན་མཆོག་ཡ་ཝཱེ་ལ་ཞུ་བ་ཕུལ་ཞིག དེ་ནས་བདག་གིས་ཁྱོད་རྣམས་འགྲོ་རུ་འཇུག་སྟེ་འདི་རུ་འདུག་མི་དགོས་ཞེས་སྨྲས། 29 ཡང་མོ་ཤེ་ན་རེ། ང་རང་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་སོང་མ་ཐག་ངས་དཀོན་མཆོག་ཡ་ཝཱེའི་ཕྱོགས་སུ་ལག་ཟུང་བརྐྱངས་ནས་གསོལ་བ་འདེབས་པར་བྱ་སྟེ། འབྲུག་སྒྲ་ཆད་ནས་སེར་བ་ཡང་མེད་པར་འགྱུར་ལ། ས་གཞི་ཐམས་ཅད་དཀོན་མཆོག་ཡ་ཝཱེའི་ཡིན་པ་ཁྱོད་ཀྱིས་ཤེས་པར་འགྱུར་བའི་ཕྱིར་ཡིན། 30 འོན་ཀྱང་ཁྱོད་དང་ཁྱོད་ཀྱི་འཁོར་གཡོག་རྣམས་ད་དུང་དཀོན་མཆོག་ཡ་ཝཱེ་ལ་མི་འཇིགས་པ་ངས་ཤེས་པ་ཡིན་ཞེས་སྨྲས་སོ། ། 31 དུས་དེར་ནས་ཀྱི་སྙེ་མ་འབུས་ཤིང་སོ་མའི་མེ་ཏོག་ཀྱང་བཞད་ཡོད་པས། སེར་བས་སོ་མ་དང་ནས་གཉིས་བརྡུངས་ནའང་། 32 གྲོ་དང་སོ་བ་ནི་ཕྱིས་སུ་སྨིན་པས་མ་བརྡུངས་སོ། ། 33 དེ་ནས་མོ་ཤེ་ནི་ཕཱར་ཨོལ་དང་བྲལ་ནས་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་སོང་སྟེ། དཀོན་མཆོག་ཡ་ཝཱེའི་ཕྱོགས་སུ་ལག་ཟུང་བརྐྱངས་ནས་གསོལ་བ་བཏབ་པ་ན། འབྲུག་སྒྲ་དང་སེར་བ་ཆད་ཅིང་། ཆར་བ་ས་ལ་འབབ་མཚམས་ཀྱང་བཞག་པ་རེད། 34 ཕཱར་ཨོལ་གྱིས་ཆར་བ་དང་སེར་བ་དང་འབྲུག་སྒྲ་བཅས་མཚམས་ཆད་པ་མཐོང་ནས་དེ་ལས་ཀྱང་སྡིག་པ་བྱས་ཏེ། ཁོ་དང་ཁོའི་འཁོར་གཡོག་རྣམས་ཀྱིས་སེམས་གྱོང་པོར་བྱས། 35 དེ་ལྟར་ཕཱར་ཨོལ་གྱི་སེམས་གྱོང་པོར་གྱུར་ནས། དཀོན་མཆོག་ཡ་ཝཱེས་མོ་ཤེ་བརྒྱུད་དེ་གསུངས་པ་བཞིན་དུ་ཡེས་ར་ཨེལ་པ་རྣམས་འགྲོ་རུ་མ་བཅུག་གོ །