ལེའུ་སོ་གསུམ༌པ།
ཡ་ཀོབ་དང་ཨེ་སཱབ་གཉིས་ཀ་ངོ་ཕྲད་པ།
དེ་ནས་ཡ་ཀོབ་ཀྱིས་མགོ་ཡར་བཀྱགས་ནས་བལྟས་པ༌ན། ཨེ་སཱབ་དང་མི་བཞི་བརྒྱ་ལྷག་ཡོང་བཞིན་པ་མཐོང༌ངོ༌། །ཡ་ཀོབ་ཀྱིས་བྱིས་པ་རྣམས་སོ་སོར་བཀར་ནས་ལེ་ཨ༌དང༌། རཱ༌ཧེལ། གཡོག་མོ་གཉིས་བཅས་ལ་སྤྲད་པར་མ༌ཟད། གཡོག་མོ་གཉིས་ཀ་དང་ཁོ་ཚོའི་བྱིས་པ་རྣམས་སྔོན་དུ་འགྲོ་བ༌དང༌། ལེ་ཨ་དང་ཁོ་མོའི་བྱིས་པ་རྣམས་བར་དུ་འགྲོ་བ༌དང༌། རཱ་ཧེལ་དང་ཁོ་མོའི་བུ་ཡོ་སེབ་གཉིས་ཀ་རྗེས་སུ་འགྲོ་རུ་བཅུག་པ༌དང༌། ཁོ་རང་དེ་དག་གི་མདུན་དུ་སྐྱོད༌ཅིང༌། ཐེངས་བདུན་ཙམ་ལ་ཕྱག་འཚལ་བཞིན་ཁོའི་གཅེན་པོའི་དྲུང་དུ་སླེབས་སོ། །
དེ་ནས་ཨེ་སཱབ་རྒྱུགས་འོངས་ནས་བསུ་བ་བྱེད་བཞིན་ཡ་ཀོབ་ལ་འཐམས་པ༌དང༌། ཡང་ཡ་ཀོབ་ཀྱི་སྐེ་ལ་དམ་པོར་འཇུས་ཏེ་འོ་བྱས་པ་དང་ཁོ་གཉིས་ངུས༌སོ།། ཨེ་སཱབ་ཀྱིས་མགོ་ཡར་བཀྱགས་ནས་བུད་མེད་དང་བྱིས་པ་རྣམས་ལ་བལྟས༌ཏེ། ཁྱོད་དང་འགྲོགས་ནས་ཡོང་བ་འདི་དག་སུ་ཡིན་ནམ་ཞེས་དྲིས་པ༌ན། ཡ་ཀོབ་ན༌རེ། བྱིས་པ་འདི་དག་ནི་དཀོན་མཆོག་གི་ཐུགས་རྗེ་ལས་ཁྱོད་ཀྱི་ཞབས་ཕྱི་པ་ཕྲན་ལ་གནང་བ་ཡིན་ཞེས་ལན་བཏབ༌བོ།། དེ་ནས་གཡོག་མོ་གཉིས་ཀ་དང་ཁོ་ཚོའི་བྱིས་པ་རྣམས་ཡོང་ནས་ཨེ་སཱབ་ལ་ཕྱག་བཙལ་བ༌དང༌། ལེ་ཨ་དང་ཁོ་མོའི་བྱིས་པ་རྣམས་ཀྱང་ཡོང་ནས་ཁོ་ལ་ཕྱག་བཙལ་བ༌དང༌། དེའི་འཕྲོར་རཱ་ཧེལ་དང་ཁོ་མོའི་བུ་ཡོ་སེབ་གཉིས་ཀྱང་ཡོང་ནས་ཁོ་ལ་ཕྱག་བཙལ༌ཏོ།། དེ་ནས་ཨེ་སཱབ་ན༌རེ། བདག་ལ་ཕྱུགས་ཟོག་འདི་དག་གནང་བའི་དོན་ཅི་ཡིན་ནམ་ཞེས་པ༌ལ། ཡ་ཀོབ་ན༌རེ། བདག་གི་ཇོ་བོ༌ལགས། ཁྱེད་ཀྱིས་བདག་ལ་ཐུགས་རྗེས་གཟིགས་པའི་ཕྱིར་ཡིན་ཞེས་སྨྲས༌སོ།། ཡང་ཨེ་སཱབ་ན༌རེ། བདག་གི་གཅུང༌པོ། བདག་ལ་རྒྱུ་ནོར་མང་པོ་ཡོད་པས་ཁྱོད་ཀྱི་རྒྱུ་རྫས་ནི་རང་ཉིད་ལ་དབང་བར་གྱིས་ཞེས་སྨྲས་པ༌དང༌། 10 ཡ་ཀོབ་ན༌རེ། མིན༌ཏེ། བདག་ལ་ཁྱེད་ཀྱི་སྤྱན་དྲུང་ནས་ཐུགས་རྗེ་ཐོབ༌ན། ཁྱེད་ཀྱིས་བདག་ལས་ལེགས་སྐྱེས་འདི་དག་ལེན་པར༌མཛོད། ཅིའི་ཕྱིར་ཞེ༌ན། བདག་གིས་ཁྱེད་རང་མཐོང་བ་ནི་དཀོན་མཆོག་གི་ཞལ་རས་མཇལ་བ་དང་མཚུངས་ཤིང་ཁྱེད་ཀྱིས་བདག་ལ་དགའ་བསུའང་བྱས་པའི་ཕྱིར༌རོ།། 11 བདག་གིས་ཁྱེར་འོངས་པའི་ལེགས་སྐྱེས་འདི་དག་ཁྱེད་ཀྱིས་ལེན་པར༌མཛོད། ཅིའི་ཕྱིར་ཞེ༌ན། དཀོན་མཆོག་གིས་བདག་ལ་ཐུགས་རྗེས་གཟིགས་ཏེ་རྒྱུ་ནོར་མང་པོ་དང་ལྡན་པར་མཛད་པའི་ཕྱིར་ཡིན་ཞེས་སྨྲས་པ༌དང༌། ཡ་ཀོབ་ཀྱིས་ཨེ་སཱབ་ལ་ཡང་ཡང་ཞུ་བ་བྱས་པས་ཁོས་ཀྱང་བླངས༌སོ།།
12 དེ་ནས་ཨེ་སཱབ་ན༌རེ། རང་ཅག་ཡར་ལངས་ཏེ་ལམ་དུ་ཆས་པར༌བྱ། ང་ཁྱོད་ཀྱི་སྔོན་དུ་འགྲོ་བར་བྱའོ་ཞེས་སྨྲས་པ༌དང༌། 13 ཡ་ཀོབ་ན༌རེ། བྱིས་པ་རྣམས་ལོ་ན་ཕྲ་བ༌དང༌། ཕྱུགས་ཁྱུས་འོ་མ་སྣུན་པའི་དུས༌སུ། བཙན་གྱིས་ཉིན་གཅིག་རིང་ལ་དེད་ན་ར་ལུག་གི་ཁྱུ་ཡོངས་རྫོགས་འཆི་ངེས་པ་ཇོ་བོ་ཁྱེད་ཀྱིས་ཤེས༌སོ།། 14 ཇོ་བོ༌ལགས། ཁྱེད་ནི་ཞབས་ཕྱི་པ་བདག་གི་སྔོན་དུ་འགྲོ་བར༌མཛོད། བདག་གིས་མདུན་ཕྱོགས་ཀྱི་ཕྱུགས་ཁྱུའི་མྱུར་ཚད༌དང༌། བྱིས་པ་རྣམས་ཀྱི་མགྱོགས་ཚད༌ལྟར། སེ་ཨིར་ཡུལ་ལ་ཇོ་བོའི་མདུན་དུ་སླེབས་པའི་བར་དུ་ག་ལེར་མདུན་དུ་བསྐྱོད་པར་བྱ་ཞེས་སྨྲས༌སོ།། 15 ཡང་ཨེ་སཱབ་ན༌རེ། བདག་དང་མཉམ་དུ་ཡོད་པའི་མི་འགའ་ཞིག་ཁྱོད་ཀྱི་གམ་དུ་བསྐྱུར་ཆོག་པར་ཞུ་ཞེས་སྨྲས་པ༌ལ། ཡ་ཀོབ་ན༌རེ། བདག་གི་ཇོ་བོ༌ལགས། དེ་འདྲ་བྱེད་དགོས་དོན་མེད༌དེ། ཁྱེད་ཀྱི་མིག་མདུན་ནས་བདག་ལ་ཐུགས་རྗེས་གཟིགས་པར་ཞུ་ཞེས་སྨྲས༌སོ།། 16 དེའི༌ཕྱིར། ཨེ་སཱབ་ཉིན་དེར་སེ་ཨིར་ཡུལ་དུ་འགྲོ་བའི་ལམ་ལ་ཆས༌སོ།། 17 དེ་ནས་ཡ་ཀོབ་འཁོར་དང་བཅས་པ་སོའུ་ཀོད་ཡུལ་དུ་སོང་བ་དང་དེ་རུ་རང་ལ་ཁང་པ་དང་ཕྱུགས་ལ་སྤྱིལ་བུའང་བཟོས༌པས། ཡུལ་དེའི་མིང་ལ་སོའུ་ཀོད་ *ཅེས་འབོད་པར་བྱེད༌དོ།།
18 དེ་ནས་ཡ་ཀོབ་ཁོ་རང་ཕཱ་དན་ཨ་རམ་ཡུལ་ནས་ཕྱིར་ལོག་པའི་དུས༌སུ། བདེ་བའི་ངང་ཀ་ན་ཨན་ཡུལ་གྱི་སི་ཀེམ་གྲོང་ཁྱེར་དུ་སླེབས་ཤིང་གྲོང་ཁྱེར་དེའི་མདུན་ཕྱོགས་སུ་གུར་ཕུབ་པ༌དང༌། 19 སི་ཀེམ་གྱི་ཕ་སྟེ་ཧ་མོར་གྱི་བུ་རྣམས་ལ་དངུལ་སྒོར་བརྒྱ་སྤྲད་དེ་གུར་ཕུབ་སའི་ས་ཉོས༌ཤིང༌། 20 གནས་དེ་རུ་མཆོད་ཁྲི་ཞིག་ཀྱང་བཞེངས༌ཏེ། མིང་ལ་ཨེལ་ཨེ་ལོ་ཧེ་ཡེས་ར་ཨེལ་ ཞེས་བཏགས༌པའོ།།
* ལེའུ་སོ་གསུམ༌པ།:17 སོའུ་ཀོད་ཅེས་པ་ནི་ཡ་ཧུ་དཱའི་སྐད་དོད་དེ་སྤྱིལ་བུའི་དོན་ལ༌འཇུག ལེའུ་སོ་གསུམ༌པ།:20 ཨེལ་ཨེ་ལོ་ཧེ་ཡེས་ར་ཨེལ་ཞེས་པ་ནི་ཡ་ཧུ་དཱའི་སྐད་དོད་དེ་དཀོན་མཆོག་ནི་ཡེས་ར་ཨེལ་མི་རིགས་ཀྱི་དཀོན་མཆོག་ཡིན་ནོ་ཞེས་པའི་དོན་ལ༌འཇུག