ལེའུ་སོ་བཞི༌པ།
སི་ཀེམ་གྱིས་དི་ནཱ་ལ་བཙན་གཡེམ་བྱས༌པ།
དེ་ཡང་ལེ་ཨ་ཡིས་ཡ་ཀོབ་ལ་བཙས་པའི་བུ་མོ་དི་ནཱ་བྱ་བ་ཡུལ་དེའི་བུ་མོ་རྣམས་ལ་བལྟ་རུ་སོང་བ༌དང༌། ཡུལ་དེའི་ས་གནས་དཔོན་པོ་ཧ་མོར་ཞེས་པའི་བུ་སི་ཀེམ་གྱིས་ཁོ་མོ་མཐོང་བ་དང་བཙན་གཡེམ༌བྱས། ཧ་མོར་ནི་ཧེ་བི་མི་རིགས་ལ་གཏོགས༌སོ།། དེ་ནས་སི་ཀེམ་གྱི་སེམས་སུ་ཡ་ཀོབ་ཀྱི་བུ་མོ་དི་ནཱ་ཤིན་ཏུ་འདོད་ཅིང་ཁོ་མོར་དགའ་བར་གྱུར་པས་ཚིག་སྙན་སྨྲས༌སོ།། སི་ཀེམ་གྱིས་རང་གི་ཕ་ཧ་མོར་ལ་འདི༌ལྟར། ཕ༌ལགས། ཁྱེད་ཀྱིས་བུ་མོ་འདི་བདག་ལ་ཆུང་མར་ལེན་པར་མཛོད་ཅེས་ཞུ་བ༌བྱས། དེ་ནས་སི་ཀེམ་གྱིས་བུ་མོ་དི་ནཱ་མི་གཙང་བར་བྱས་པའི་གཏམ་དེ་ཡ་ཀོབ་ཀྱིས་ཐོས༌ཤིང༌། སྐབས༌དེར། ཡ་ཀོབ་ཀྱི་བུ་རྣམས་ཕྱུགས་ཟོག་དང་མཉམ་དུ་སྤང་ཐང་དུ་ཡོད༌པས། ཡ་ཀོབ་ཀྱིས་ཅི་ཡང་མི་སྨྲ་བར་བུ་རྣམས་ཕྱིར་ལོག་པར་སྒུག༌གོ ། དེ་ནས་སི་ཀེམ་གྱི་ཕ་ཧ་མོར་ཞེས་བྱ་བ་ཡ་ཀོབ་ལ་གྲོས་འདེབས་པར་ཡོང་བ༌དང༌། ཡ་ཀོབ་ཀྱི་བུ་རྣམས་ཀྱིས་དོན་དེ་ཐོས་པ་དང་སྤང་ཐང་ནས་ཡུལ་དུ་ལོག༌ཅིང༌། ཁོ་རྣམས་སེམས་སྐྱོ་ཞིང་ཁོང་ཁྲོ་ཆེན་པོ༌ལངས། ཅིའི་ཕྱིར་ཞེ༌ན། སི་ཀེམ་གྱིས་ཡེས་ར་ཨེལ་གྱི་ཁྱིམ་དུ་སྐྱུག་བྲོ་བའི་ལས་བྱས་པ༌སྟེ། ཡ་ཀོབ་ཀྱི་བུ་མོ་ལ་བཙན་གཡེམ་བྱས་པ༌དང༌། དོན་དེ་ནི་འབྱུང་མི་འོས་པའི་ཕྱིར༌རོ།། ཧ་མོར་གྱིས་ཡ་ཀོབ་ཕ་བུ་རྣམས་ལ་འདི་ལྟར་གྲོས་བཏབ་པ༌སྟེ། བདག་གི་བུ་སི་ཀེམ་གྱི་སེམས་ནི་བུ་མོ་འདི་ལ་དགའ་བས་ན། ཁྱོད་ཅག་གིས་ཁོ་མོ་བདག་གི་བུ་ལ་ཆུང་མར་གནང་བར༌མཛོད། ད་ནས་བཟུང་ངེད་རྣམས་བར་དུ་གཉེན་བཙུགས༌ཏེ། ཁྱོད་ཅག་གིས་བུ་མོ་རྣམས་ངེད་ཅག་ལ་སྟེར་བ༌དང༌། ངེད་ཅག་གི་བུ་མོ་རྣམས་ཀྱང་ཁྱོད་ཅག་གིས་ཆུང་མར་ལེན་པར༌མཛོད། 10 ངེད་རྣམས་དང་མཉམ་དུ་འདུག་པར༌གྱིས། ཡུལ་འདི་ནི་ཁྱོད་ཅག་གི་མདུན་དུ་ཡོད༌པས། འདི་རུ་བསྡད་ནས་ཚོང་ལས་གཉེར་བ་དང་ས་ཉོས་ཀྱང་ཆོག་ཅེས་སྨྲས༌སོ།། 11 དེ་ནས་སི་ཀེམ་གྱིས་བུ་མོའི་ཕ་དང་གཅེན་གཅུང་རྣམས་ལ་འདི༌ལྟར། བདག་ལ་ཁྱོད་ཅག་གི་མིག་མདུན་ནས་ཐུགས་རྗེ་ཐོབ༌ན། ཁྱོད་ཅག་གིས་བདག་ལ་ཅི་ཞིག་བསླངས༌ཚེ། བདག་གིས་དེ་ནི་ཁྱོད་ཅག་ལ་སྟེར་ངེས༌སོ།། 12 ཁྱོད་ཅག་གིས་ཁོ་མོ་བདག་ལ་སྟེར་རྒྱུ་ཤ་སྟག་ཡིན༌ན། བག་རིན་དང་ལེགས་སྐྱེས་གང་རུང་བདག་ལ་བསླངས༌ནའང༌། བདག་གིས་ཁྱོད་ཅག་གིས་སྨྲས་པ་བཞིན་སྟེར་ངེས་ཡིན་ཞེས་སྨྲས༌སོ།།
13 དེ་ཡང་སི་ཀེམ་གྱིས་དི་ནཱ་མི་གཙང་བར་བྱས་པའི༌ཕྱིར། ཡ་ཀོབ་ཀྱི་བུ་རྣམས་ཀྱིས་གཡོ་སྒྱུའི་ངང་ནས་སི་ཀེམ་དང་ཁོའི་ཕ་ཧ་མོར་ལ་ལན་འདི་ལྟར་བཏབ་པ༌སྟེ། 14 ངེད་ཅག་གིས་རང་གི་སྲིང་མོ་མཚན་སྐྱི་བཅད་མེད་པའི་མི་ཞིག་ལ་ཆུང་མར་སྟེར་མི༌རུང༌། ཅིའི་ཕྱིར་ཞེ༌ན། དེ་ནི་ངེད་ཅག་གི་ངོ་ཚ་ཡིན༌ནོ།། 15 འོན༌ཀྱང༌། ཁྱོད་ཅག་གིས་དོན་དག་གཅིག་ཁོ་ན་བསྒྲུབ་ཐུབ༌ན་ངེད་ཅག་འཐད་པ་འབྱུང་ངེས་ཡིན༌ཏེ། ཁྱོད་ཅག་གི་སྐྱེས་པ་ཐམས་ཅད་ཀྱིས་ངེད་ཅག་དང་མཚུངས་པར་མཚན་སྐྱི་གཅོད་དགོས་པ༌དེའོ།། 16 དེས་ན་ངེད་ཅག་གིས་བུ་མོ་རྣམས་ཁྱོད་ལ་སྟེར་བ༌དང༌། ཁྱོད་ཅག་གི་བུ་མོ་རྣམས་ཀྱང་ངེད་ཅག་གི་ཆུང་མར་ལེན་ངེས༌ཡིན། ངེད་རྣམས་ཀྱང་ཁྱོད་ཅག་དང་མཉམ་དུ་བསྡད་ནས་མི་རིགས་གཅིག་ཏུ་འགྱུར༌རོ།། 17 གལ༌ཏེ། ཁྱོད་ཅག་གིས་ངེད་རྣམས་ཀྱི་ངག་ལ་མི་ཉན་པ་དང་མཚན་སྐྱིའང་མི་གཅོད༌ན། ངེད་ཅག་གིས་སྲིང་མོ་ཁྲིད་ནས་འགྲོ་བར་བྱ་ཞེས་སྨྲས༌སོ།།
18 དེ་ནས་ཧ་མོར་དང་ཁོའི་བུ་སི་ཀེམ་གཉིས་ཀྱིས་གཏམ་དེ་ཐོས་ནས་དགའ་བར་གྱུར་པ་དང༌། 19 བུ་དེས་དོན་འདི་བསྒྲུབ་པར་འགོར་འགྱངས་ཅི་ཡང་མ་བྱས༌ཏེ། ཁོ་ནི་ཡ་ཀོབ་ཀྱི་བུ་མོ་ལ་ཤིན་ཏུ་དགའ་བའི་ཕྱིར༌རོ། །ཁོ་ཡང་རང་གི་ཕ་ཡི་ཁྱིམ་དུ་ཆེས་བརྩི་བཀུར་ཐོབ་པའི་མི་ཡིན༌ནོ།། 20 དེ་ནས་ཧ་མོར་དང་ཁོའི་བུ་སི་ཀེམ་གཉིས་གྲོང་ཁྱེར་དེའི་སྒོ་ཁར་སོང་ནས་སྐྱེས་པ་རྣམས་ལ་འདི་ལྟར་སྨྲས༌པ། 21 མི་འདི་རྣམས་ངེད་ཅག་དང་སེམས་མཐུན༌པས། ཁོ་རྣམས་འདི་རུ་སྡོད་པ་དང་ཚོང་ལས་བྱེད་དུ་བཅུག་ནའང་ཡུལ་འདི་ས་རྒྱ་ཆེ་བས་ཁོ་རྣམས་ཤོང༌ཐུབ། ངེད་ཅག་གིས་ཁོ་རྣམས་ཀྱི་བུ་མོ་ཆུང་མར་ལེན་པ༌དང༌། རང་ཅག་གི་བུ་མོ་རྣམས་ཀྱང་ཁོ་རྣམས་ལ་བག་མར་སྟེར་རུང༌ངོ༌།། 22 འོན༌ཀྱང༌། རང་ཅག་གིས་དོན་དག་གཅིག་ཁོ་ན་བསྒྲུབ་དགོས༌ཤིང༌། དེ་ལྟར་བྱས་ན་ཁོ་རྣམས་ད་གཟོད་རང་ཅག་དང་མཉམ་དུ་བསྡད་ནས་མི་རིགས་གཅིག་ཏུ་འགྱུར་བར་འཐད་པ་འབྱུང་བ༌སྟེ། ཁོ་རྣམས་དང་མཚུངས་པར་རང་ཅག་སྐྱེས་པ་ཐམས་ཅད་ཀྱིས་ཀྱང་མཚན་སྐྱི་གཅོད་དགོས༌སོ།། 23 དེ་ལྟར་བྱས༌ན། ཁོ་རྣམས་ཀྱི་ཕྱུགས་ཟོག་དང་རྒྱུ་ནོར་ཐམས་ཅད་རང་ཅག་ལ་དབང་བ་མ་ཡིན༌ནམ། དེའི༌ཕྱིར། རང་ཅག་གིས་ཁོ་རྣམས་ལ་བསྟུན་པ་ཡིན་ན། ཁོ་རྣམས་རང་ཅག་དང་མཉམ་དུ་འདུག་པར་བྱེད་ཅེས་སྨྲས༌སོ།།
24 དེ་ནས་གྲོང་ཁྱེར་གྱི་མཁར་སྒོ་ལས་ཕར་འགྲོ་ཚུར་འོང་བྱེད་པའི་མི་ཀུན་གྱིས་ཧ་མོར་དང་ཁོའི་བུ་སི་ཀེམ་གཉིས་ཀྱི་གཏམ་ལ་མཉན༌པས། གྲོང་ཁྱེར་གྱི་མཁར་སྒོ་ལས་ཕར་འགྲོ་ཚུར་འོང་བྱེད་པའི་སྐྱེས་པ་ཐམས་ཅད་ཀྱིས་མཚན་སྐྱི་བཅད༌དོ།། 25 དེ་ནས་ཉིན་གསུམ་པར་སྐྱེས་པ་རྣམས་ལ་ན་ཟུག་ལངས་པའི་སྐབས༌དེར། ཡ་ཀོབ་ཀྱི་བུ་སི་མུ་ཨོན་དང་ལེ་ཝི་ཞེས་བྱ་བ༌སྟེ། དི་ནཱའི་གཅེན་པོ་གཉིས་ཀྱིས་ལག་ཏུ་རལ་གྲི་ཐོགས༌ཏེ། མི་དེ་རྣམས་ཀྱིས་མཉམ་བཞག་མེད་པའི་སྐབས༌སུ། གྲོང་ཁྱེར་དེའི་ནང་དུ་བརྒྱུགས་ནས་སྐྱེས་པ་ཐམས་ཅད་བསད་པ༌དང༌། 26 ཧ་མོར་དང་ཁོའི་བུ་སི་ཀེམ་གཉིས་ཀའང་བསད༌ཅིང༌། སི་ཀེམ་གྱི་ཁྱིམ་ནས་དི་ནཱ་ཁྲིད་དེ་སོང༌ངོ༌།། 27 དེ་ནས་སྲིང་མོ་དི་ནཱ་མི་གཙང་བར་བཟོས་པའི་རྐྱེན༌གྱིས། ཡ་ཀོབ་ཀྱི་བུ་གཞན་རྣམས་བེམ་པོས་བཀང་བའི་གྲོང་ཁྱེར་དེར་ཡོང་ནས་དེ་ཕྲོགས་ཤིང་། 28 ར་ལུག་གི་ཁྱུ༌དང༌། བ༌ཁྱུ། བོང༌བུ། གྲོང་ཁྱེར་ནང་དང་ཞིང་བར་དུ་ཡོད་པའི་དངོས་པོ་ཐམས་ཅད་ཁྱེར་བ༌དང༌། 29 རྒྱུ་ནོར༌དང༌། བྱིས༌པ། བུད༌མེད། ཁང་པའི་ནང་གི་དངོས་པོ་དང་བཅས་པ་ཕྲོགས་ཏེ་སོང༌ངོ༌།།
30 དེ་ནས་ཡ་ཀོབ་ཀྱིས་བུ་སི་མུ་ཨོན་དང་ལེ་ཝི་གཉིས་ལ་འདི༌ལྟར། ཁྱོད་ཅག་གིས་བདག་སྡུག་ལ་གཏད༌དེ། བདག་ནི་ཡུལ་འདིར་ཡོད་པའི་ཀ་ན་ཨན་མི་རིགས་དང་ཕེ་རེ་ཟི་མི་རིགས་ཀྱི་ཁྲོད་དུ་ངན་པ་རྟགས་ཅན་དུ་བྱས༌སོ། །བདག་གི་མི་གྲངས་ཉུང་བས་དེ་རྣམས་ཀྱིས་མི་ཚོགས་བསྡུས་ནས་བདག་ཅག་ལ་རྒོལ་བར་བྱེད་པ༌དང༌། བདག་དང་བདག་གི་ཁྱིམ་མི་ཐམས་ཅད་རྡུལ་དུ་བརླག་པར་བྱེད་ཅེས་པ༌ན། 31 ཁོ་རྣམས་ན༌རེ། སི་ཀེམ་གྱིས་རང་ཅག་གི་སྲིང་མོ་སྨད་འཚོང་མ་བཞིན་དུ་བྱེད་རུང་ངམ་ཞེས་སྨྲས༌སོ།།