ལེའུ་ཞེ་བཞི༌པ།
ཡོ་སེབ་ཀྱིས་སྤུན་རྣམས་ལ་བརྟག༌པ།
1 དེ་ནས་ཡོ་སེབ་ཀྱིས་ཁྱིམ་ལས་གཉེར་མཁན་ལ་འདི་སྐད༌དུ། མི་འདི་རྣམས་ཀྱི་སྒྱེ་མོའི་ནང་དུ་འབྲུ་རིགས་ཀྱིས་བཀང་བ་དང་བོང་བུས་ཐེག་ཚད་ཀྱི་ཁལ་འགེལ་བར༌གྱིས། ཡང་ཁོ་རྣམས་ཀྱི་དངུལ་སྒོར་རང་རང་གི་སྒྱེ་མོའི་ནང་དུ་འཇོག་པར༌བྱའོ།།
2 བདག་གི་དངུལ་ཕོར་དང་སྤུན་ཆེས་ཆུང་བའི་དངུལ་སྒོར་རྣམས་ལྷན་དུ་ཁོའི་སྒྱེ་མོའི་ནང་དུ་འཇོག་པར་གྱིས་ཞེས་སྨྲས་པ༌དང༌། ཁྱིམ་ལས་གཉེར་མཁན་གྱིས་ཀྱང་ཡོ་སེབ་ཀྱི་བཀའ་ལྟར་བསྒྲུབས༌ཤིང༌།
3 དེའི་ཕྱི་ཉིན་ནམ་ལངས་པ་དང་ཁོ་རྣམས་བོང་བུ་དང་བཅས་ལམ་དུ་བཅུག༌གོ །
4 དེ་ཡང་ཁོ་རྣམས་གྲོང་ཁྱེར་དང་ཁ་བྲལ་ནས་ཅུང་མ་འགོར༌བར། ཡོ་སེབ་ཀྱིས་ཁྱིམ་ལས་གཉེར་མཁན་ལ་འདི་སྐད༌དུ། ཁྱོད་ཀྱིས་མྱུར་དུ་ཁོ་རྣམས་ཀྱི་རྗེས་བསྙེག་པར༌གྱིས། ཁོ་རྣམས་ཀྱི་རྗེས་ཆོད་པ༌ན། ཁྱོད་ཅག་གིས་དྲིན་ལན་ངན་འཇལ་བྱེད་པ་ཅི༌ཡིན།
5 འདི་ནི་ངེད་ཅག་གི་བདག་པོའི་ཆང་ཕོར་མ་ཡིན༌ནམ། འདི་ནི་ངེད་ཅག་གི་བདག་པོའི་མོ་འདེབས་བྱེད་ཀྱི་ཕོར་བ་མ་ཡིན༌ནམ། ཁྱོད་ཅག་གིས་འདི་ལྟར་བྱས་ན་ཉེས་པ་བྱས་པ་མ་ཡིན་ནམ་ཞེས་སྨྲོས་ཤིག་ཅེས་བཤད་པ༌དང༌།
6 ཁྱིམ་ལས་གཉེར་མཁན་གྱིས་ཁོ་རྣམས་བདས་ཏེ་རྗེས་ཆོད་པ་དང་བདག་པོའི་བཀའ་ལྟར་སྨྲས་པ༌ན།
7 ཁོ་རྣམས་ན༌རེ། རང་ཅག་གི་བདག་པོས་འདི་ལྟར་སྨྲ་བའི་རྒྱུ་མཚན༌ཅི། ཁྱེད་ཀྱི་ཞབས་ཕྱི་པ་ངེད་རྣམས་ཀྱིས་ལས་འདི་ལྟ་བུ་བྱེད་མི༌སྲིད།
8 ལྟོས༌དང༌། དེ་སྔར་ངེད་ཅག་གིས་རང་གི་སྒྱེ་མོའི་ནང་དུ་དངུལ་སྒོར་ཡོད་པ་ཤེས་པ༌དང༌། ཀ་ན་ཨན་ཡུལ་ནས་ཕྱིར་ཁྱེར་ཡོང་ནས་ཁྱེད་ལ་སྤྲད་པ་མ་ཡིན༌ནམ། ངེད་ཅག་གིས་ཁྱེད་ཀྱི་བདག་པོའི་ཁྱིམ་ནས་གསེར་དངུལ་རྐུ་སྲིད༌དམ།
9 ཁྱེད་ཀྱི་ཞབས་ཕྱི་པའི་ཁྲོད་ནས་སུ་ཞིག་ལས་བཙལ་ཏེ་རྙེད༌ན། མི་དེ་ནི་གསོད་པར༌བྱ། ངེད་རྣམས་ཀྱང་རང་ཅག་གི་བདག་པོའི་གཡོག་པོར་བྱེད་ངེས་ཡིན་ཞེས་ལན་བཏབ༌བོ།།
10 ཁྱིམ་ལས་གཉེར་མཁན་ན༌རེ། ད་ལྟ་ཁྱོད་ཅག་གིས་སྨྲས་པ་བཞིན་བྱོས༌ཤིག མི་སུ་ཞིག་ལས་བཙལ་ནས་རྙེད་ན་དེ་ནི་བདག་གི་གཡོག་པོ་བྱེད༌དགོས། གཞན་རྣམས་ལ་ཉེས་པ་མེད་ཅེས་སྨྲས་པ༌ན།
11 ཁོ་རྣམས་ཀྱིས་མྱུར་དུ་རང་རང་གི་སྒྱེ་མོ་ས་རུ་བཞག་སྟེ་ཁ་ཕྱེས་པ་དང༌།
12 ཁྱིམ་ལས་གཉེར་མཁན་གྱིས་ཁོ་རྣམས་ལས་ལོ་ཆེ་བ་ནས་ལོ་ཆུང་བའི་བར་དུ་རིམ་བཞིན་བཙལ་བ༌ན། དངུལ་ཕོར་དེ་པེན་ཡཱ་མེན་གྱི་སྒྱེ་མོ་ལས་རྙེད༌དོ།།
13 དེ་ནས་ཁོ་རྣམས་ཡིད་ཤིན་ཏུ་སྐྱོ་བའི་ངང་གྱོན་པ་བཤགས༌ཤིང༌། རང་རང་གི་སྒྱེ་མོ་བོང་བུར་བཀལ་ནས་ཕྱིར་གྲོང་ཁྱེར་དུ་ལོག༌གོ །
14 དེ་ནས་ཡ་ཧུ་དཱ་དང་ཁོའི་སྤུན་རྣམས་ཡོ་སེབ་ཀྱི་ཁྱིམ་དུ་སོང་བ་དང་ཡོ་སེབ་ཀྱང་དེ་རུ་ཡོད༌པས། ཁོ་རྣམས་ཀྱིས་ཡོ་སེབ་ཀྱི་དྲུང་དུ་པུས་མོ་སར་བཙུགས་ནས་ཕྱག་བཙལ་བ༌ན།
15 ཡོ་སེབ་ན༌རེ། ཁྱོད་རྣམས་ཀྱིས་དེ་ལྟར་བྱེད་དོན༌ཅི། བདག་ལྟ་བུས་མོ་འདེབས་ནུས་པ་ཁྱོད་ཅག་གིས་མི་ཤེས་སམ་ཞེས་སྨྲས༌སོ།།
16 ཡ་ཧུ་དཱ་ན༌རེ། ངེད་རྣམས་ཀྱིས་རང་ཅག་གི་བདག་པོར་ཅི་ཞིག༌སྨྲའམ། ངེད་ཅག་གིས་རང་ལ་ཉེས་སྐྱོན་མེད་ཚུལ་ཇི་ལྟར་བདེན་དཔང་བྱེད༌དམ། དཀོན་མཆོག་གིས་ཁྱེད་ཀྱི་ཞབས་ཕྱི་པ་དག་གི་སྔོན་ཆད་ཀྱི་ཉེས་སྐྱོན་མཁྱེན༌ཞིང༌། ད་ལྟ་ངེད་ཅག་དང་ཕོར་བ་རྙེད་པའི་མི་དང་བཅས་པ་ཐམས་ཅད་རང་ཅག་གི་བདག་པོའི་གཡོག་པོ་ཡིན་ཞེས་སྨྲས༌སོ།།
17 ཡོ་སེབ་ན༌རེ། བདག་གིས་འདི་ལྟར་ཅི་ནས་ཀྱང་མི་བྱ༌སྟེ། སུ་ཞིག་ལས་ཕོར་བ་རྙེད་པ་ཡིན༌ན་མི་དེ་བདག་གི་གཡོག་པོར་བྱེད་དགོས་པ༌ལས། གཞན་རྣམས་བདེ་བའི་ངང་ཁྱོད་ཅག་གི་ཕ་ཡི་དྲུང་དུ་སོང་ཞིག་ཅེས་སྨྲས༌སོ།།
18 ཡང་ཡ་ཧུ་དཱ་ནི་ཡོ་སེབ་ཀྱི་དྲུང་དུ་བཅར་ཏེ་འདི༌ལྟར། བདག་པོ༌ལགས། ཁྱེད་ཀྱིས་ཞབས་ཕྱི་པ་བདག་ལ་གསན་པར༌ཞུ། ཁྱེད་རང་ཐུགས་རྒྱལ་མི་བཞེངས་པར༌མཛོད། ཅིའི་ཕྱིར་ཞེ༌ན། ཁྱེད་ནི་ཕཱར་ཨོལ་དང་འདྲ་མཚུངས་ཡིན་པའི་ཕྱིར༌རོ།།
19 བདག་པོ་ཁྱེད་ཀྱིས་དེ་སྔར་ཞབས་ཕྱི་པ་ངེད་རྣམས༌ལ། ཁྱོད་རྣམས་ཀྱི་ཕ་བཞུགས་ལགས༌སམ། སྤུན་གཞན་ནི་ཡོད་དམ་མེད་ཅེས་དྲིས་མྱོང༌ལ།
20 ངེད་ཅག་གིས་བདག་པོ་ཁྱེད༌ལ། ངེད་རྣམས་ལ་ཕ་ཡོད་ཅིང་ཁོང་ནི་ལོ་ན་བགྲེས་པ༌དང༌། དགུང་ལོ་མཐོ་བའི་དུས་སུ་སྐྱེས་པའི་བུ་ཞིག་ཡོད༌ལ། ཁོའི་གཅེན་པོ་ཚེ་ལས་འདས༌ཤིང༌། ཁོའི་ཨ་མས་ཁོ་རང་ཁོ་ན་བསྐྱུར་བས་ཕ་ཡིས་བུ་དེ་ལ་ཤིན་ཏུ་གཅེས་པ་ཡིན་ཞེས་ལན་བཏབ་པ༌ཡིན།
21 ཡང་ཁྱེད་ན༌རེ། ཁོ་རང་འདིར་ཁྲིད་ཤོག༌ཅིག བདག་གིས་ཁོ་རང་དངོས་སུ་མཐོང་འདོད་ཅེས་སྨྲས་པ༌ལ།
22 ཡང་ངེད་ཅག་གིས་འདི༌ལྟར། བུ་ཆུང་ཕ་དང་མཉམ་དུ་འདུག་དགོས༌ལ། གལ་ཏེ་བུ་ཆུང་ཕ་དང་ཁ་བྲལ༌ན། ཕ་ནི་ཚེ་ལས་འདའ་བར་འགྱུར་ཞེས་སྨྲས་པ༌ཡིན།
23 ཡང་ཁྱེད་ན༌རེ། ཁྱོད་རྣམས་ཀྱི་སྤུན་ཆེས་ཆུང་བ་དེ་ཁྱོད་ཅག་དང་མཉམ་དུ་མ་ཡོང༌ན། ཁྱོད་རྣམས་བདག་དང་ངོ་འཕྲད་པར་ཡོང་མི་དགོས་ཞེས་སྨྲས༌ཤིང༌།
24 ངེད་རྣམས་ཁྱེད་ཀྱི་ཞབས་ཕྱི་པ་སྟེ་བདག་ཅག་གི་ཕ་ཡི་དྲུང་དུ་སོང་ནས་ཁྱེད་ཀྱི་གཏམ་ཇི་བཞིན་ཁོང་ལ་སྨྲས་པ༌དང༌།
25 ངེད་ཅག་གི་ཕ་ན༌རེ། ཁྱོད་རྣམས་སླར་ཡང་འབྲུ་རིགས་ཉོ་རུ་སོང་ཞིག་ཅེས་སྨྲས༌བྱུང༌།
26 ཡང་ངེད་ཅག་གིས་ཁོང་ལ་འདི༌ལྟར། ངེད་ཅག་འགྲོ་མི༌ནུས། གལ་ཏེ་སྤུན་ཆུང་བ་ངེད་ཅག་དང་མཉམ་དུ་འགྲོ་རུ་བཅུག༌ན། ངེད་ཅག་མར་ཨེ་ཅིབ་ཡུལ་དུ་འབྲུ་རིགས་ཉོ་རུ་འགྲོ༌སྟེ། སྤུན་ཆུང་བ་ངེད་ཅག་དང་མཉམ་དུ་མེད༌ན། ངེད་རྣམས་མི་དེ་དང་ངོ་འཕྲད་མི་ཐུབ་པའི་ཕྱིར་ཡིན་ཞེས་སྨྲས་མྱོང༌ངོ༌།།
27 དེ་ནས་ཁྱེད་ཀྱི་ཞབས་ཕྱི་པ་ངེད་ཅག་གི་ཕ་ཡིས་ངེད་རྣམས་ལ་འདི༌ལྟར། བདག་གི་ཆུང་མས་བདག་ལ་བུ་གཉིས་བཙས་པ་ཁྱོད་རྣམས་ཀྱིས་ཤེས་ལ།
28 བུ་གཅིག་ནི་བདག་དང་ཁ་བྲལ་ནས་སོང༌ངོ༌། །བདག་གིས་ད་ལྟའི་བར་དུ་བུ་ཁོ་རང་མ་མཐོང་བས་ཁོ་གཅན་གཟན་གྱིས་དུམ་བུ་དུམ་བུར་བྱས་ནས་ཟོས་པ་ཤ་སྟག་ཡིན་སྙམ༌མོ།།
29 ད་ལྟ་ཁྱོད་རྣམས་ཀྱིས་བདག་གི་བུ་འདིའང་བདག་དང་ཕྲལ་བར་འདོད་པ༌དང༌། གལ་ཏེ་བུ་ཁོ་རང་ལ་བར་ཆད་བྱུང༌ན། ཁྱོད་རྣམས་ཀྱིས་སྐྲ་དཀར་པོར་གྱུར་པའི་རྒན་པོ་བདག་སྡུག་བསྔལ་གྱི་ངང་ནས་གཤིན་པོའི་གནས་སུ་བསྐྱལ་བ་ཡིན་ཞེས་སྨྲས༌ཤིང༌།
30 བདག་གི་ཕ་ཡི་སེམས་ནི་བུ་ཆེས་ཆུང་བ་འདི་ལ་ཤོར་ཡོད༌པས། ད་ལྟ་བདག་ཁྱེད་ཀྱི་ཞབས་ཕྱི་པ་ངེད་ཅག་གི་ཕ་ཡི་དྲུང་དུ་སོང༌ནའང༌། སྤུན་ཆེས་ཆུང་བ་ངེད་ཅག་དང་མཉམ་དུ་མེད༌ན།
31 ངེད་ཅག་གི་ཕ་ཡིས་བུ་ཆེས་ཆུང་བ་མ་མཐོང་བས་ཁོང་ཚེ་ལས་འདའ་བར༌ངེས། དེ་ལྟར་ངེད་རྣམས་ཀྱིས་ཁྱེད་ཀྱི་ཞབས་ཕྱི་པ་སྟེ་དབུ་སྐྲ་དཀར་པོར་གྱུར་པའི་ངེད་ཅག་གི་ཕ་སྡུག་བསྔལ་གྱི་ངང་ནས་གཤིན་པོའི་གནས་སུ་བསྐྱལ་བ་ཡིན༌ནོ།།
32 ཅིའི་ཕྱིར་ཞེ༌ན། ཞབས་ཕྱི་པ་བདག་གིས་དེ་སྔར་ཕ་ཡི་དྲུང་དུ་སྤུན་ཆེས་ཆུང་བ་འདིའི་དོན་དུ་རང་ཉིད་གཏའ་མར་བཞག་པ༌སྟེ། གལ་ཏེ་བདག་གིས་ཁོ་རང་ཕྱིར་ཁྲིད་འོངས་ནས་ཁྱེད་ལ་མ་སྤྲད༌ན། བདག་ཁྱེད་ཀྱི་དྲུང་དུ་ནམ་ཡང་སྡིག་ཅན་ཡིན་ཞེས་སྨྲས་པ༌ཡིན།
33 ད་ལྟ་ཞབས་ཕྱི་པ་བདག་སྤུན་ཆེས་ཆུང་བའི་ཚབ་ཏུ་ཁྱེད་ཀྱི་གཡོག་པོ་བྱེད་དུ་ཆུག སྤུན་ཆུང་ནི་སྤུན་གཞན་རྣམས་དང་མཉམ་དུ་འགྲོ་རུ་འཇུག་པར༌མཁྱེན།
34 གལ་ཏེ་སྤུན་ཆུང་བདག་དང་མཉམ་དུ་མ་སོང༌ན། བདག་ཕ་དང་ཇི་ལྟར་མཇལ༌ལམ། བདག་གིས་རང་གི་ཕ་ལ་འབྱུང་ངེས་པའི་སྡུག་བསྔལ་མིག་གིས་མཐོང་མི་ཕོད་ཅེས་སྨྲས༌སོ།།