ལེའུ་ཞེ་ལྔ༌པ།
ཡོ་སེབ་ཀྱིས་སྤུན་རྣམས་ངོས་བཟུང༌བ།
དེ་ནས་ཡོ་སེབ་ཀྱིས་འཁོར་གཡོག་མང་པོ་ཚོགས་པའི་མདུན་དུ་རང་དབང་མེད་པར་ཁྱོད་རྣམས་ཐམས་ཅད་ཕར་སོང་ཞིག་ཅེས་སྨྲས་པ༌དང༌། ཡོ་སེབ་དང་སྤུན་རྣམས་ཀྱིས་ཕན་ཚུན་ངོས་འཛིན་པའི་སྐབས༌སུ། ཁོ་རྣམས་ཀྱི་གམ་དུ་མི་གཞན་གཅིག་ཀྱང་མེད༌པས། ཡོ་སེབ་ཀྱིས་སྐད་ཆེན་པོ་བརྒྱབ་ནས་ངུས༌ཤིང༌། དོན་དེ་ཨེ་ཅིབ་ཀྱི་མི་རྣམས་ཀྱིས་ཐོས༌པ་དང་། ཕཱར་ཨོལ་གྱི་ཁྱིམ་མི་རྣམས་ཀྱིས་ཀྱང་ཐོས༌སོ།།
དེ་ནས་ཡོ་སེབ་ཀྱིས་སྤུན་རྣམས་ལ་འདི༌ལྟར། བདག་ནི་ཡོ་སེབ༌ཡིན། རང་ཅག་གི་ཕ་བདེ་བར་བཞུགས་ལགས་སམ་ཞེས་སྨྲས་ནའང་སྤུན་རྣམས་ཀྱིས་ལན་འདེབས་མ་ནུས༌ཏེ། ཁོ་རྣམས་ཡོ་སེབ་ཀྱི་དྲུང་དུ་འཇིགས་ཤིང་སྐྲག་པའི་ཕྱིར༌རོ།།
དེ་ནས་ཡོ་སེབ་ན༌རེ། ཁྱོད་རྣམས་མདུན་དུ་ཤོག་ཅིག་ཅེས་སྨྲས་པ་དང་ཁོ་རྣམས་ཀྱང་ཡོ་སེབ་ཀྱི་མདུན་དུ༌ཡོང༌། ཡང་ཡོ་སེབ་ན༌རེ། བདག་ནི་ཁྱོད་རྣམས་ཀྱི་སྤུན་ཡོ་སེབ༌སྟེ། ཁྱོད་ཅག་གིས་ཨེ་ཅིབ་ཡུལ་དུ་བཙོངས་པ་དེ་ཉིད༌ཡིན། ད་ལྟ་ཁྱོད་རྣམས་ཀྱིས་ང་རང་ཡུལ་འདིར་བཙོངས་པའི་རྐྱེན་གྱིས་སེམས་སྡུག་བྱས་ནས་རང་ལ་སྡང་མི་དགོས༌ཏེ། འདི་ནི་དཀོན་མཆོག་གིས་ང་རང་ཁྱོད་རྣམས་ཀྱི་སྔོན་ལ་ཡུལ་འདིར་ཚེ་སྲོག་སྐྱོབ་པར་མངགས༌སོ།། ད་ལྟ་ཡུལ་འདིར་མུ་གེ་བྱུང་ནས་ལོ་གཉིས་འགོར༌ཞིང༌། ད་དུང་ལོ་ལྔའི་རིང་ལ་ཞིང་འདེབས་མི་ཐུབ་པ་དང་ལོ་ཏོག་ཀྱང་མི་འབྱུང༌ངོ༌།། དཀོན་མཆོག་གིས་ང་རང་ཁྱོད་རྣམས་ཀྱི་སྔོན་ལ་ཡུལ་འདིར་མངགས་དོན༌ནི། ས་གཞིའི་སྟེང་དུ་ཁྱོད་རྣམས་ལ་རིགས་རྒྱུད་ཡོད་པ༌དང༌། ཁྱོད་རྣམས་འཇིག་ཉེན་ལས་སྲོག་ཐར་བའི་ཕྱིར༌ཡིན། དེའི༌ཕྱིར། ང་རང་ཡུལ་འདིར་མངགས་མཁན་ནི་དཀོན་མཆོག་ཡིན་པ་ལས་ཁྱོད་རྣམས་མ་ཡིན༌ལ། ཡང་ཁོང་གིས་བདག་ཕཱར་ཨོལ་གྱི་ཕ་ལྟ་བུར་བསྐོས༌ཤིང༌། རྒྱལ་པོའི་ཕོ་བྲང་གི་བདག་པོ༌དང༌། ཨེ་ཅིབ་ཡུལ་ཐམས་ཅད་ཀྱི་བློན་ཆེན་དུ་བསྐོས་ཡོད། ཁྱོད་རྣམས་མྱུར་དུ་ཡར་རང་ཅག་གི་ཕ་ཡི་དྲུང་དུ་སོང་ནས་ཁོང་ལ་འདི་ལྟར་སྨྲ་བར་བྱ༌སྟེ། ཁྱེད་ཀྱི་བུ་ཡོ་སེབ་ན༌རེ། དཀོན་མཆོག་གིས་ང་རང་ཨེ་ཅིབ་ཡུལ་ཐམས་ཅད་ཀྱི་བདག་པོར་བསྐོས་པ༌དང༌། ཁྱོད་རྣམས་མྱུར་དུ་མར་ཡུལ་འདིར་ཤོག༌ཅིག དུས་འགྱངས་མི༌རུང༌། 10 ཡབ་ཁྱེད་དང་ཁྱེད་ཀྱི་བུ་དང་བུ༌མོ། ཚ་བོ་དང་ཚ༌མོ། ཐ་ན་ར་ལུག་དང་བ་གླང་གི་ཁྱུ་དང་བཅས་པ་ཐམས་ཅད་བདག་དང་ཉེ་སའི་གོ་ཤེན་ཡུལ་དུ་འདུག་པར༌བྱའོ།། 11 བདག་གིས་ཡུལ་དེ་ནས་ཁྱེད་ལ་ཞབས་ཕྱི་བསྒྲུབ་པར༌བྱ། ཅིའི་ཕྱིར་ཞེ༌ན། ད་དུང་ལོ་ལྔའི་རིང་ལ་མུ་གེ་འབྱུང༌བས། དེ་ལྟར་མ་བྱས་ཚེ་ཁྱེད་དང་ཁྱེད་ཀྱི་ཁྱིམ་མི་དང་བཅས་པ་ཐམས་ཅད་ལ་ཆག་སྒོ་འབྱུང༌ངོ༌།། 12 ཡང་ཁྱོད་རྣམས་དང་བདག་གི་སྤུན་པེན་ཡཱ་མེན་བཅས་ཀྱི་མིག་གིས་མཐོང་བ་བཞིན་བདག་གིས་ངག་ནས་འདི་ལྟར་སྨྲས་པ༌ཡིན། 13 ཁྱོད་རྣམས་ཀྱིས་ཀྱང་ཨེ་ཅིབ་ཡུལ་གྱི་བདག་གི་གཟི་བརྗིད་དང་ཅི་ཞིག་མཐོང་བ་རྣམས་ཕ་ལ་སྨྲ་བར༌གྱིས། ཡང་རང་ཅག་གི་ཕའང་མྱུར་དུ་ཡུལ་འདིར་ཁྲིད་ཤོག་ཅེས་སྨྲས༌སོ།།
14 དེ་ནས་ཡོ་སེབ་སྤུན་པེན་ཡཱ་མེན་གྱི་སྐེ་ལ་འཐམས་ནས་ངུས་པ༌དང༌། པེན་ཡཱ་མེན་ཡང་ཡོ་སེབ་ཀྱི་མཇིང་ལ་འཇུས་ནས་ངུས༌སོ།། 15 དེ་ནས་ཡོ་སེབ་ཀྱིས་སྤུན་གཞན་རྣམས་ལ་འོ་བྱེད་བཞིན་ངུས་པ༌རེད། དེའི་རྗེས༌སུ། སྤུན་གཞན་རྣམས་ཀྱིས་ཀྱང་ཡོ་སེབ་ལ་གཏམ་སྨྲས༌སོ།། 16 དེ་ཡང་དོན་དེ་ཐམས་ཅད་ཕཱར་ཨོལ་གྱི་ཕོ་བྲང་དུ་ཁྱབ༌སྟེ། ཡོ་སེབ་ཀྱི་སྤུན་རྣམས་སླེབས་བྱུང་ཞེས་སྨྲ་བཞིན་ཡོད་པ་ཕཱར་ཨོལ་དང་ཁོང་གི་བློན་ཆེན་རྣམས་ཀྱིས་ཐོས་པ་དང་ཐམས་ཅད་དགའ་བར་གྱུར༌ཏོ།། 17 དེ་ནས་ཕཱར་ཨོལ་གྱིས་ཡོ་སེབ་ལ་འདི་སྐད༌དུ། ཁྱོད་ཀྱིས་རང་གི་སྤུན་རྣམས༌ལ། ཁྱོད་ཅག་གིས་ཁལ་མར་ཁལ་བཀལ་ནས་ཀ་ན་ཨན་ཡུལ་དུ་སོང༌ཞིག 18 ཁྱོད་ཅག་གིས་ཕ་དང་གཉེན་ཉེ་ཐམས་ཅད་འདིར་ཁྲིད་ཤོག༌དང༌། བདག་གིས་ཨེ་ཅིབ་ཡུལ་གྱི་ནོམ་པ་མཆོག་ཏུ་གྱུར་པ་དང་ཡུལ་དེའི་ས་ཞིང་གཤིན་པོའི་འབྲས་བུ་ཁྱོད་རྣམས་ལ་སྟེར་བར་བྱ་ཞེས་སྨྲོས༌ཤིག 19 ད་ལྟ་བདག་གིས་ཁྱོད་རྣམས་ལ་འདི་ལྟར་བསྒྲུབ་པར་སྐུལ་བར་བྱ༌སྟེ། ཁྱོད་རྣམས་ཀྱིས་ཨེ་ཅིབ་ཡུལ་ནས་ཤིང་རྟ་དེད་དེ་ཀ་ན་ཨན་ཡུལ་དུ་སོང༌ནས། རང་ཅག་གི་ཕ༌དང༌། རང་རང་གི་ཆུང་མ་དང་བུ་ཕྲུག་བཅས་གནས་འདིར་ཁྲིད་ཤོག༌ཅིག 20 ཁྱོད་ཅག་གི་སེམས་ནས་ཅ་ལག་གཅེས་སུ་འཛིན་མི་འོས༌ཏེ། ཨེ་ཅིབ་ཡུལ་ཐམས་ཅད་ཀྱི་ནོམ་པ་མཆོག་ཏུ་གྱུར་པ་མཐའ་དག་ཁྱོད་ཅག་གི་ཡིན་པའི་ཕྱིར་རོ་ཞེས་སྨྲས༌སོ།།
21 དེ་ནས་ཡེས་ར་ཨེལ་གྱི་བུ་རྣམས་ཀྱིས་དེ་ལྟར་བསྒྲུབས༌ཤིང༌། ཡོ་སེབ་ཀྱིས་ཕཱར་ཨོལ་གྱི་བཀའ་ལྟར་སྤུན་རྣམས་ལ་ཤིང་རྟ་དང་ལམ་བྲོ་སྤྲད་པ༌དང༌། 22 ཡང་ཁོ་རྣམས་ལ་གྱོན་གོས་ཁ་ཚང་རེ་སྤྲད་པ༌དང༌། པེན་ཡཱ་མེན་ཁོ་ནར་དངུལ་སྒོར་སུམ་བརྒྱ་དང་གྱོན་གོས་ཁ་ཚང་ལྔ་སྤྲད་པ༌རེད། 23 རང་གི་ཕ་ལ་བོང་གསེབ་བཅུ་ལ་ཨེ་ཅིབ་ཡུལ་གྱི་ནོམ་པ་མཆོག་ཏུ་གྱུར་པ་བཀལ་བ༌དང༌། ཡང་བོང་མ་བཅུ་ལ་འབྲུ་རིགས་དང་བག་ལེབ་སོགས་བཀལ་ཏེ་ཕ་ཡི་ལམ་བྲོ་རུ༌བྱས། 24 དེ་ནས་ཡོ་སེབ་ཀྱིས་སྤུན་རྣམས་ཡུལ་དུ་འགྲོ་རུ་བཅུག་ཅིང་ཁོ་རྣམས་ལ་ན༌རེ། ཁྱོད་ཅག་གིས་ལམ་བར་དུ་རྩོད་པ་མ་བྱེད་ཅེས་སྨྲས༌སོ།།
25 དེ་ནས་སྤུན་རྣམས་ཨེ་ཅིབ་ཡུལ་ནས་ལམ་ལ་ཆས་ཏེ་ཀ་ན་ཨན་ཡུལ་གྱི་ཕ་ཡ་ཀོབ་ཀྱི་གམ་དུ་སླེབས་པ༌དང༌། 26 ཁོ་རྣམས་ཀྱི་ཕ་ལ་ཡོ་སེབ་ད་དུང་གསོན་པོར་གནས༌ཤིང༌། ཁོ་ནི་ཨེ་ཅིབ་ཡུལ་ཐམས་ཅད་ཀྱི་མངའ་བདག་ཡིན་ནོ་ཞེས་སྨྲས༌ནའང༌། ཕ་ཡ་ཀོབ་ཧ་ལས་ཤིང་ཁོ་རྣམས་ཀྱི་གཏམ་ལ་ཡིད་མ་ཆེས༌སོ།། 27 སྤུན་རྣམས་ཀྱིས་ཁོ་རྣམས་ལ་སྨྲས་པའི་ཡོ་སེབ་ཀྱི་གཏམ་ཐམས་ཅད་ཕ་ལ་སྨྲས་པ༌དང༌། ཡོ་སེབ་ཀྱིས་ཕ་ལེན་པར་མངགས་པའི་ཤིང་རྟ་སོགས་ཡ་ཀོབ་ཀྱིས་མཐོང་བ་དང་མྱ་ངན་ལས་སངས་ཤིང་ཡིད་ཆེས༌སོ།། 28 དེ་ནས་ཡེས་ར་ཨེལ་ན༌རེ། འོ། ལགས༌སོ། །བདག་གི་བུ་ཡོ་སེབ་ད་དུང་གསོན་པོར་གནས༌པས། ང་རང་མ་ཤི་གོང་ལ་ཁོ་དང་འཕྲད་འདོད་ཅེས་སྨྲས༌སོ།།