ལེའུ་བཅུ་གསུམ་པ།
ཡེས་ར་ཨེལ་གྱི་མཇུག་མཐའི་འདྲི་གཅོད།
1 སྔར་ཨེ་ཕཱར་ཡིམ་གྱིས་གཏམ་གླེང་དུས་མི་རྣམས་འདར་ཞིང་། ཡེས་ར་ཨེལ་གྱི་ནང་དུ་ཁོ་མཐོ་སར་བསྡད་ཡོད། ཡིན་ནའང་པཱ་ཨལ་གྱི་རྐྱེན་གྱིས་ཁོས་སྡིག་པ་སྤྱད་ནས་ཤི་བ་རེད།
2 ད་ལྟ་ཁོ་ཚོས་སྡིག་པ་མང་དུ་བྱེད་ཅིང་རང་གི་དངུལ་གྱིས་རང་ཉིད་ལ་བླུགས་སྐུ་རྣམས་བཟོས་ཤིང་། རང་གི་བློ་རིག་ལ་བརྟེན་ནས་སྐུ་འདྲ་བཟོས། དེ་ཐམས་ཅད་ལག་ཤེས་པའི་ལས་ཡིན་ཏེ། དེ་དག་གི་སྐོར་ལ་ཁོ་རྣམས་ཀྱིས། མཆོད་པ་འབུལ་མཁན་དག་གིས་བ་ཕྲུག་སྐུ་འདྲ་རྣམས་ལ་ཁ་སྐྱེལ་བ་ཡིན་ཞེས་སྨྲའོ། །
3 དེའི་ཕྱིར་ཁོ་རྣམས་ནི་ཐོ་རངས་ཀྱི་སྨུག་པ་དང་སྐད་ཅིག་ཙམ་ལ་ཡལ་འགྲོ་བའི་ཟིལ་བ་ལྟ་བུ་ཡིན་ལ། གཡུལ་ཁ་ལས་རླུང་འཚུབ་ཀྱིས་འཁུར་བའི་ཕུབ་མ་ལྟ་བུ་དང་། སྒེའུ་ཁུང་ལས་འཕྱུར་བའི་དུ་བ་ལྟ་བུའོ། །
4 འོན་ཀྱང་ང་ནི་ཁྱོད་རྣམས་ཨེ་ཅིབ་ཡུལ་ནས་ཐོན་པའི་ཚུན་ལ་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ཡིན། ཁྱོད་ཀྱིས་ང་མ་གཏོགས་ལྷ་གཞན་གང་ཡང་ཁས་བླངས་མི་ཆོག་སྟེ། ང་མ་གཏོགས་སྐྱབས་མགོན་གཞན་ཞིག་མེད་དོ། །
5 དབེན་སྟོང་གི་ཐན་པ་ཆེ་བའི་གནས་སུ་ཁྱོད་ལ་ལྟ་སྐྱོང་བྱེད་པ་དེ་ང་ཡིན།
6 དེ་དག་གིས་ཟོས་ནས་འགྲངས་པ་དང་སེམས་སུ་ང་རྒྱལ་སྐྱེས་པས་ང་ནི་བརྗེད་པར་གྱུར།
7 དེའི་ཕྱིར་ང་ནི་སེང་གེ་བཞིན་དུ་དེ་དག་གི་སྟེང་ལ་སླེབ་ཅིང་། ཡང་གཟིག་བཞིན་དུ་ལམ་ཁར་འཇབ་སྒུག་བྱེད་དོ། །
8 ངས་ནི་ཕྲུ་གུ་ཕྲོགས་པའི་དོམ་མ་བཞིན་དུ་དེ་དག་ལ་རྒོལ་ནས་བྲང་ཁོག་དབྲལ་བར་བྱ་ཞིང་། ཡང་མོ་སེང་བཞིན་དུ་ཁོ་ཚོ་གནས་དེ་རུ་ཁྱུར་མིད་གཏོང་བ་དང་། གཅན་གཟན་བཞིན་དུ་དེ་རྣམས་གཤག་པར་བྱའོ། །
9 ཀྱེ་ཡེས་ར་ཨེལ། ཁྱོད་རང་གི་སྐྱབས་ཏེ་ང་ལ་སྡང་བ་ནི་ཁྱོད་རང་འཕུང་བའི་རྒྱུའོ། །
10 ད་ནི་ཁྱོད་ཀྱི་རྒྱལ་པོ་གང་དུ་ཡོད་དམ། དེས་གྲོང་ཁྱེར་སོ་སོར་ཁྱོད་རྣམས་བསྐྱབ་ཆོག་གོ །སྔར་ཁྱོད་ཀྱིས་ང་ལ་རྒྱལ་པོ་ཞིག་དང་སྐུ་དྲག་རྣམས་གནང་བར་མཛོད་ཅེས་ཞུས་པ་དང་། ཁྱོད་ལ་བདག་སྐྱོང་བྱེད་པའི་འགོ་དཔོན་རྣམས་གང་དུ་ཡོད་དམ།
11 ངས་ཁོང་ཁྲོ་དང་བཅས་ཁྱོད་ལ་རྒྱལ་པོ་གནང་བ་དང་། ཁྲོ་གཏུམ་འབར་བཞིན་དེ་ནི་མེད་པར་བཏང་བ་ཡིན།
12 ཨེ་ཕཱར་ཡིམ་གྱི་ཉེས་སྐྱོན་རྣམས་ཉར་ཞིང་། དེའི་སྡིག་པ་རྣམས་ཐོ་བརྒྱབ་ནས་བཞག་ཡོད།
13 བུད་མེད་ཀྱི་སྐྱེ་གཟེར་རྣམས་དེ་ལ་འབབ་པར་འགྱུར། ཁོ་ནི་བློ་རྨོངས་པའི་བུ་སྟེ། བཙའ་བའི་དུས་སུ་ཕྱིར་ཐོན་པར་མི་འདོད་པའི་སྦྲུམ་བུ་དང་འདྲའོ། །
14 ངས་དེ་དག་གཤིན་པོའི་ཡུལ་ལས་ཐར་བར་བྱ་སྟེ། ཁོ་རྣམས་འཆི་བ་ལས་སྐྱོབ་པར་འགྱུར། ཀྱེ་མ་འཆི་བ་ཁྱོད་ཀྱི་གནོད་འཚེ་གང་དུ་ཡོད། ཀྱེ་མ་གཤིན་ཡུལ་ཁྱོད་ཀྱི་འཇིག་པ་གང་དུ་ཡོད། སྙིང་རྗེ་ནི་ངའི་མདུན་ནས་ཡལ་བར་འགྱུར།
15 ཁོ་ནི་རང་གི་སྤུན་རྣམས་ཀྱི་ཁྲོད་དུ་དར་ན་ཡང་། ཤར་རླུང་སྟེ་དཀོན་མཆོག་ཡ་ཝཱེའི་རླུང་ནི་དབེན་སྟོང་ནས་གཡུགས་འོངས་ཏེ། ཁོའི་ཆུ་མིག་སྐམ་ཞིང་ཆུ་མགོ་ཟད་པར་འགྱུར་ལ། རླུང་དེས་ཁོས་བསགས་པའི་རྒྱུ་ནོར་ཐམས་ཅད་འཕྲོག་པར་འགྱུར་རོ། །
16 སཱ་མར་ཡས་རང་གི་དཀོན་མཆོག་ལ་ངོ་ལོག་བྱས་པས་ཁོས་རང་གི་སྡིག་པ་འཁུར་ངེས་ཤིང་། ཁོ་རྣམས་རལ་གྲིས་བརྡབས་ནས། དེ་དག་གི་ཕྲུ་གུ་རྣམས་ས་ལ་བརྡབས་ཤིང་། བུད་མེད་སྦྲུམ་མ་རྣམས་ཀྱི་ཁོག་པ་གཤག་པར་འགྱུར་རོ། །