ལེའུ་བཅུ་བཞི་པ།
ཡེས་ར་ཨེལ་ལ་བསླབ་བྱ་གནང་བ།
ཀྱེ་ཡེས་ར་ཨེལ། ཁྱོད་ཀྱིས་རང་གི་དཀོན་མཆོག་ཡ་ཝཱེའི་ཕྱོགས་སུ་སེམས་སྒྱུར་ཅིག ཅིའི་ཕྱིར་ཞེ་ན། ཁྱོད་ནི་རང་གི་སྡིག་པའི་རྐྱེན་གྱིས་སར་འགྱེལ་ཏོ། ། དཀོན་མཆོག་ཡ་ཝཱེའི་ཕྱོགས་སུ་སེམས་སྒྱུར་ཅིག ཞུ་བ་དང་བཅས་ཁོང་ལ་འདི་ལྟར། ང་ཚོའི་སྡིག་པ་ཐམས་ཅད་བསལ་ནས་སྙིང་རྗེ་དང་བཅས་ང་ཚོ་ལེན་པར་མཛོད། དེ་ནས་ང་ཚོས་གླང་ཐུག་གི་ཚབ་ཏུ་ངག་གི་མཆོད་པ་འབུལ་བར་བྱའོ། ། ཨ་སུར་གྱིས་ངེད་རྣམས་སྐྱོབ་མི་ནུས། ད་ནི་ངེད་རྣམས་རྟ་ལ་མི་ཞོན་ཞིང་། དུས་ནམ་ཡིན་ཡང་རང་གིས་དངོས་སུ་བཟོས་པའི་སྐུ་འདྲ་ལ་ཁྱོད་ནི་ང་ཚོའི་ལྷ་ཡིན་ཞེས་སྨྲ་བར་མི་འགྱུར་ཏེ། ཁྱེད་ནས་དྭ་ཕྲུག་རྣམས་ལ་བྱམས་སྙིང་རྗེ་ཐོབ་པ་ཡིན་ཞེས་ཞུས་ཤིག ངས་དེ་དག་གི་རྒྱབ་འགལ་དུ་ཕྱིན་པའི་སེམས་པ་བསྒྱུར་ཏེ། དགའ་བཞིན་སྤྲོ་བཞིན་དེ་དག་ལ་བྱམས་པར་བྱའོ། །ཅིའི་ཕྱིར་ཞེ་ན། བདག་གི་ཐུགས་ཁྲོ་ནི་ཁོ་རྣམས་ལས་ཞི་བར་གྱུར་པ་ཡིན། ང་ནི་ཡེས་ར་ཨེལ་ལ་ཟིལ་བ་བཞིན་དུ་འགྱུར་ཞིང་། དེ་ནི་མེ་ཏོག་ཀུ་མུད་ལྟར་བཞད་དེ། ལེ་པཱ་ནོན་གྱི་ལྗོན་ཤིང་ལྟར་རྩ་བ་རྒྱས་པར་འགྱུར། དེའི་ཡལ་ག་གསར་པ་རྣམས་རྒྱས་ཏེ། སྐྱུ་རུ་རའི་ཤིང་ལྟར་མཛེས་ལ། ལེ་པཱ་ནོན་གྱི་ཤུག་པ་ནང་བཞིན་དྲི་བསུང་དང་ལྡན་པར་འགྱུར། སྔར་དེའི་བསིལ་གྲིབ་འོག་ཏུ་གནས་པ་རྣམས་ཕྱིར་ལོག་འོངས་ནས་འབྲུ་རིགས་བཞིན་སྐྱེ་ཞིང་། རྒུན་ཤིང་ལྟར་རྒྱས་ནས། དེའི་དྲི་བསུང་ནི་ལེ་པཱ་ནོན་གྱི་རྒུན་ཆང་ལྟ་བུར་འགྱུར་རོ། ། ཨེ་ཕཱར་ཡིམ་པ་རྣམས་ཀྱིས། ང་རང་སྐུ་འདྲ་དང་འབྲེལ་བ་ཅི་ཞིག་ཡོད་དམ་ཞེས་སྨྲ་བར་འགྱུར་ལ། ངས་དེར་མཉན་ནས་ལྟ་སྐྱོང་བྱེད་ཅིང་། ང་ནི་གསོམ་ཤིང་སྔོན་པོ་དང་འདྲ་སྟེ། ངའི་རྐྱེན་གྱིས་ཁྱོད་ལ་ཤིང་ཏོག་ཐོགས་པ་ཡིན། མཁས་པས་དོན་འདི་རྣམས་རྟོགས་ཤིང་། བློ་རིག་ལྡན་པ་རྣམས་ཀྱིས་དོན་འདི་དག་ཤེས་པ་ཡིན། དཀོན་མཆོག་ཡ་ཝཱེའི་གཤེགས་ལམ་རྣམས་དྲང་པོ་ཡིན་ཏེ། མི་དྲང་བདེན་རྣམས་དེའི་ནང་དུ་འགྲུལ་བར་བྱ་མོད་ཀྱང་། སྡིག་སྤྱོད་རྣམས་དེའི་སྟེང་དུ་འགྱེལ་བར་འགྱུར་རོ།། །།