ལེའུ་བདུན་པ།
ཡེས་ར་ཨེལ་གྱི་སྤྱོད་ངན།
ངས་ཡེས་ར་ཨེལ་གསོ་བར་བརྩམས་པ་ལ། ཨེ་ཕཱར་ཡིམ་གྱི་སྡིག་པ་དང་སཱ་མར་ཡའི་ཉེས་པ་རྣམས་མངོན་པར་གསལ་བ་སྟེ། དེ་རྣམས་ཀྱིས་གཡོ་སྒྱུ་ཁྲམ་གསུམ་བྱེད་པ་དང་། ནང་དུ་རྐུན་མ་འཛུལ་ཞིང་ཕྱི་རུ་ཇག་དཔུང་གིས་འཕྲོག་གོ ། ངས་ཁོ་ཚོའི་ལས་ངན་པ་ཐམས་ཅད་སེམས་སུ་བཟུང་ཡོད་པ་དེ་ཚོས་མ་ཚོར་ལ། ད་ལྟ་ངའི་མིག་མདུན་དུ་ཁོ་རྣམས་ནི་རང་གི་ལས་རྣམས་ཀྱིས་ཁྱུར་མིད་གཏོང་བ་ཡིན། དེ་ཚོས་སྤྱོད་ངན་སྤྱད་ནས་རྒྱལ་པོ་དགའ་བར་བྱེད་པ་དང་། རྫུན་སྨྲས་ནས་སྐུ་དྲག་རྣམས་དགའ་བར་བྱེད་དེ། དེ་ཐམས་ཅད་ལོག་གཡེམ་བྱེད་མཁན་ཡིན་ལ། ཁོ་རྣམས་ཀྱི་འདོད་པ་ནི་མེ་ཐབ་ཚ་པོ་དང་མཚུངས་ཏེ། བག་ལེབ་སྲེག་མཁན་གྱིས་ཕྱེ་བརྫིས་ནས་སྐྱུར་ལང་བའི་བར་དུ་མེ་འབུད་མི་དགོས་སོ། ། རང་ཅག་གི་རྒྱལ་པོས་དགའ་སྟོན་ལ་རོལ་བའི་ཉིན་མོར་སྐུ་དྲག་རྣམས་ཀྱིས་ཆང་འཐུང་ནས་གང་སར་བསྐྱུགས་པ་དང་། རྒྱལ་པོ་ནི་ཁྱད་གསོད་མཁན་དག་དང་འགྲོགས་ནས་དེའི་ལག་པར་འཇུས། ལྐོག་འཇབ་བྱེད་མཁན་རྣམས་ཀྱི་སེམས་ནི་མེ་ཐབ་བཞིན་ཡིན་ལ། ཁོ་ཚོས་བག་ལེབ་སྲེག་མཁན་མཚན་གང་པོར་གཉིད་པ་ལྟར་སྒུག་ཅིང་། ཞོགས་པ་སླེབས་དུས་མེ་ལྟར་འབར་རོ། ། དེ་ཐམས་ཅད་མེ་ཐབ་བཞིན་ཚ་ཞིང་རང་གི་ཁྲིམས་དཔོན་རྣམས་མེད་པར་བྱེད་ལ། ཁོ་ཚོའི་རྒྱལ་པོ་ཐམས་ཅད་འགྱེལ་བ་དང་། དེ་དག་གི་ཁྲོད་དུ་ང་ལ་ཞུ་བ་བྱེད་མཁན་སུ་ཡང་མེད་དོ། །
ཡེས་ར་ཨེལ་དང་རྒྱལ་ཁབ་ཁག
ཨེ་ཕཱར་ཡིམ་ནི་ཕྱི་རོལ་པ་རྣམས་དང་འདྲེས་ཤིང་། སྟེང་འོག་མ་བསྒྱུར་བའི་བག་ལེབ་དང་འདྲ་སྟེ། ཕྱི་རོལ་པ་རྣམས་ཀྱིས་དེའི་སྟོབས་ཟད་དུ་བཅུག་ནའང་དེས་མ་ཤེས་ལ། སྐྲ་དཀར་པོར་གྱུར་ཡང་མ་ཚོར། 10 ཡེས་ར་ཨེལ་གྱི་ང་རྒྱལ་གྱིས་རང་གི་སྤྱོད་ངན་ལ་བདེན་དཔང་བྱས་པ་དང་། ཁོ་རྣམས་དོན་དེ་ཐམས་ཅད་དང་ཕྲད་ནའང་རང་གི་དཀོན་མཆོག་ཡ་ཝཱེའི་ཕྱོགས་སུ་མ་ལོག་ཅིང་། ཁོང་བཙལ་ཡང་མ་བཙལ་ཏོ། ། 11 ཨེ་ཕཱར་ཡིམ་ནི་ཕུག་རོན་ལྟར་བླུན་རྨོངས་ཤེས་མེད་ཡིན་ཏེ། ཁོ་ཚོས་ཨེ་ཅིབ་ལ་ཞུ་བ་བྱེད་ཅིང་ཨ་སུར་ལ་རྒྱབ་རྟེན་བཅོལ་བའོ། ། 12 དེ་དག་འགྲོ་དུས་ངས་རང་གི་རྙི་རྒྱ་ཁོ་ཚོའི་སྟེང་དུ་གཡུགས་ནས་ནམ་མཁའི་བྱ་ལྟར་འཛིན་དགོས་ལ། དེ་དག་གི་ཚོགས་ཀྱི་ནང་དུ་ཐོས་པ་བཞིན་དུ་ཁོ་རྣམས་ལ་ཆད་པ་གཅོད་ངེས། 13 དེ་དག་གིས་ང་རང་དོར་བས་ཆག་སྒོ་འབྱུང་། ང་ལ་རྒྱབ་འགལ་བྱས་པས་མེད་པར་བཟོ་ངེས་ཡིན། ངས་དེ་དག་སྐྱོབ་པར་འདོད་ནའང་ཁོ་ཚོས་ང་ལ་རྫུན་སྨྲའོ། ། 14 དེ་དག་གིས་རང་གི་མལ་ནས་སྨྲེ་སྔགས་བཏོན་ནའང་སེམས་བསམ་པས་ང་རང་མི་འབོད། དེ་དག་འབྲུ་རིགས་དང་རྒུན་ཆང་འཐོབ་པའི་ཕྱིར་མཉམ་དུ་འཛོམས་ནའང་ང་ལ་ངོ་ལོག་བྱེད་པ་ཡིན། 15 ངས་དེ་དག་ལ་སྦྱོང་བརྡར་སྤྲད་ནས་ཁོ་ཚོའི་དཔུང་པར་སྟོབས་བཅུག་མོད། དེ་དག་གིས་ད་དུང་ང་ལ་བསམ་སྦྱོར་ངན་པ་བྱེད་དོ། ། 16 དེ་དག་ཕྱིར་འཁོར་ཡང་བླ་ན་མེད་པ་ཁོང་གི་ཕྱོགས་སུ་མི་འཁོར་ཏེ། མཐར་དེ་རྣམས་ནི་གཞུ་རྒྱུད་ལྷོད་པའི་གཞུ་ལྟར་ཡིན་ལ། དེ་དག་གི་འགོ་དཔོན་རྣམས་ཀྱིས་ངག་འཁྱལ་བརྗོད་པས་རལ་གྲིའི་ཁར་སྲོག་འཆོར་བ་དང་། ཨེ་ཅིབ་པ་ཚོས་ཁོ་རྣམས་ལ་འཕྱ་བར་འགྱུར་རོ། །