ལེའུ་ཉི་ཤུ་པ།
ཨེ་ཅིབ་དང་གུ་ཤ་གཉིས་ཀ་འཇོམས་པའི་ལུང་བསྟན།
1 ཨ་སུར་གྱི་རྒྱལ་པོ་སི་ཀོན་བྱ་བས་དམག་དཔོན་ཨ་སི་དོད་ཅེས་པའི་ཡུལ་དུ་བཏང་བའི་ལོ་དེར། དམག་དཔོན་དེས་ཨ་སི་དོད་ལ་དམག་བརྒྱབ་ནས་གྲོང་ཁྱེར་བླངས།
2 དུས་དེར། དཀོན་མཆོག་ཡ་ཝཱེས་ཨ་མོ་ཟིའི་བུ་ཡེ་ཤ་ཡཱ་བརྒྱུད་ནས་འདི་སྐད་དུ། ཁྱོད་ཀྱིས་རང་གི་སྐེད་པའི་རྩིད་རས་དང་། རྐང་པའི་ལྷམ་ཕུད་ཅིག་ཅེས་གསུངས་པ་དང་། ཡེ་ཤ་ཡཱ་ཡིས་དེ་ལྟར་བྱས་རྗེས་གཅེར་བུར་བུད་ནས་རྐང་རྗེན་དུ་སོང་།
3 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཨེ་ཅིབ་པ་དང་གུ་ཤ་པ་ལ་རྒོལ་བའི་སྔ་ལྟས་སུ། ངའི་ཞབས་ཕྱི་ཡེ་ཤ་ཡཱ་ལོ་གསུམ་གྱི་རིང་ལ་གཅེར་བུ་དང་རྐང་རྗེན་དུ་སོང་བ་བཞིན།
4 ཨ་སུར་རྒྱལ་པོས་དེ་བཞིན་དུ་ཨེ་ཅིབ་ཀྱི་བཙོན་པ་དང་གུ་ཤའི་རྒྱང་ཕུད་བཏང་བའི་མི་རྣམས་འཁྲིད་ཅིང་། རྒན་གཞོན་གང་ཡིན་ཁྱད་མེད་པར་ཐམས་ཅད་གྱོན་གོས་བཤུས་ནས་རྐང་རྗེན་ལ། ཁོག་སྨད་གཅེར་བུར་ཕུད་དེ་ཨེ་ཅིབ་ལ་ངོ་ཚ་གཏོད་པར་འགྱུར།
5 དེ་ནས་ཡེས་ར་ཨེལ་པ་རྣམས་ཁོ་ཚོས་རེ་བ་བྱེད་པའི་གུ་ཤ་དང་། ངོམ་ཟིལ་སྟོན་པའི་ཨེ་ཅིབ་ཀྱི་ཕྱིར་དུ་འཇིགས་ཤིང་ངོ་ཚ་བར་འགྱུར།
6 ཉིན་དེར་མཚོ་རྒྱུད་ཀྱི་ཡུལ་མི་རྣམས་ན་རེ། ལྟོས་དང་། ང་ཚོས་རེ་བ་བཅངས་པ་སྟེ། རང་ཅག་གིས་ཨ་སུར་རྒྱལ་པོ་དང་ཁ་འབྲལ་ཕྱིར་སྐྱབས་བཅོལ་སའང་འདི་འདྲ་ཡིན་པས་རང་ཅག་ཅི་ལྟར་ཐར་རམ་ཞེས་སྨྲ་བར་འགྱུར་ཞེས་གསུངས་སོ། །