ལེའུ་ཉེར་གཅིག་པ།
པཱ་པེལ་ལོན་སྐོར་གྱི་ལུང་བསྟན།
མཚོ་འགྲམ་གྱི་དབེན་གནས་སྐོར་གྱི་བཀའ་ལུང་ནི་འདི་ལྟ་སྟེ། དགྲ་བོ་རྣམས་ནི་ནེ་གུབ་ཡུལ་ནས་ཡོང་བའི་དྲག་རླུང་བཞིན་དུ་དབེན་སྟོང་གི་འཇིགས་སུ་རུང་བའི་གནས་ནས་ཐོན་ཞིང་། བདག་ལ་ལུང་བསྟན་འཇིགས་སུ་རུང་བ་ཞིག་བསྟན་པ་ནི། གཡོ་སྒྱུ་སྤྱོད་མཁན་གྱིས་གཡོ་སྒྱུ་སྤྱོད་ཅིང་། གཏོར་བརླག་གཏོང་མཁན་གྱིས་གཏོར་བརླག་གཏོང་བ་སྟེ། ཀྱེ་ཨེ་ལཱམ་ཡར་སོང་དང་། ཀྱེ་མཱ་ཏི་བསྐོར་ནས་རྒོལ་ཞིག གཙོ་བོས་བདག་གིས་སྨྲེ་སྔགས་ཡོད་ཚད་མཚམས་ཆད་པར་བྱའོ་ཞེས་གསུངས། དེ་བས་ངའི་སྐེད་པ་ན་ཟུག་གིས་གདུང་བར་གྱུར་ཏེ། སྦྲུམ་མའི་ཟུག་གཟེར་བཞིན་དུ་སྡུག་བསྔལ་གྱིས་ང་རང་བཟུང་། ང་རང་རྣ་བས་གང་ཞིག་ཐོས་པའི་རྐྱེན་གྱིས་ཟུག་གཟེར་ལངས་ཤིང་། མིག་གིས་ཅི་ཞིག་མཐོང་བའི་དབང་གིས་དངངས་སྐྲག་སྐྱེས་སོ། ། ངའི་སེམས་བློང་བློང་པོར་གྱུར་ཏེ། དངངས་སྐྲག་གིས་ང་ལ་འཇིགས་སྐུལ་ཞིང་། ང་རང་གདུང་བའི་ས་སྲོས་ཀྱིས་ཀྱང་ང་རང་སྐྲག་སྐྲག་འདར་འདར་བྱེད་དུ་བཅུག དེ་ཚོས་གསོལ་ལྕོག་བསྒྲིགས་ཤིང་། ས་གདན་བཏིངས་ནས་བཟའ་བཏུང་སྤྱོད་ལ། ཀྱེ་འགོ་དཔོན་རྣམས་ཡར་ལངས་ཏེ་ཕུབ་ལ་སྣུམ་བྱུགས་ *ཤིག ཅིའི་ཕྱིར་ཞེ་ན། གཙོ་བོས་ང་ལ་འདི་སྐད་དུ། ཁྱོད་རང་སོང་སྟེ་སོ་པ་ཞིག་བསྐོས་ནས་དེས་ཅི་མཐོང་བ་རྣམས་སྙན་ཞུ་བྱེད་དུ་ཆུག དེས་རྟ་དམག་ཆ་ཆ་བྱས་ནས་འོང་བ་དང་། བོང་བུའི་དམག་དཔུང་དང་རྔ་མོང་གི་དམག་དཔུང་མཐོང་བའི་ཚེ། ཁོས་དེ་དག་ལ་གཟབ་གཟབ་བྱེད་ཅིང་། ཤིན་ཏུ་གཟབ་གཟབ་བྱེད་དགོས་ཞེས་གསུངས་སོ། །
རྗེས་སུ་སོ་པས་སེང་གེའི་ང་རོ་སྒྲོག་པ་བཞིན་ན་རེ། ཀྱེ་གཙོ་བོ་ལགས། ང་རང་ཉི་མ་རེ་རེར་སོ་ལྟའི་མཁར་ཐོག་ནས་ལངས་ཤིང་། མཚན་མོ་རེ་རེར་རང་གནས་སུ་བསྡད་པ་ཡིན། ལྟོས་དང་། རྟ་དམག་ཁག་ཅིག་འོང་བ་སྟེ། རྟ་དང་དམག་ནི་ཆ་ཆ་བྱས་ནས་ཡོང་གིན་འདུག ཡང་མི་ཞིག་གིས་ལན་བཏབ་པ་སྟེ། འགྱེལ་ཏེ། པཱ་པེལ་ལོན་འགྱེལ་ཏོ། །དེའི་སྐུ་འདྲ་བརྐོས་མ་ཐམས་ཅད་བཅག་ནས་ས་རུ་ལྷུང་ཞེས་དང་། 10 ཀྱེ་ངའི་རྡུང་བར་གྱུར་པའི་ལོ་ཏོག་དང་། ངའི་གཡུལ་ཁའི་འབྲུ་རིགས། ངའི་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་ལས་ཐོས་པ་ཐམས་ཅད་ཁྱོད་རྣམས་ལ་བསྒྲགས་པར་བྱའོ་ཞེས་སྨྲས་སོ། །
ཨ་རབ་སྐོར་གྱི་ལུང་བསྟན།
11 དུའུ༌མཱ་སྐོར་གྱི་བཀའ་ལུང་ནི་འདི་ལྟ་སྟེ། མི་ཞིག་གིས་སེ་ཨིར་ཕྱོགས་ནས་ང་བོས་ཏེ་ན་རེ། ཀྱེ་སོ་ལྟ་ལགས། མཚན་མོ་ད་དུང་ཇི་ཙམ་ལུས་སམ། སོ་ལྟ་ལགས། མཚན་མོ་ད་དུང་ཇི་ཙམ་ལུས་སམ་ཞེས་དྲིས་པ་ན། 12 སོ་ལྟ་ན་རེ། ཞོགས་པ་སླེབས་ཀྱང་མཚན་མོ་ཡང་བསྐྱར་སླེབ་ངེས། ཁྱོད་ཀྱིས་ད་དུང་འདྲི་འདོད་ན། ཕྱིར་ཤོག་ལ་དྲིས་ཤིག་ཅེས་པའོ། ། 13 ཡང་ཨ་རབ་སྐོར་གྱི་བཀའ་ལུང་ནི་འདི་ལྟ་སྟེ། ཀྱེ་དི་དཱན་པའི་ཚོང་གཉེར་རུ་ཁག ཁྱོད་རྣམས་ཨ་རབ་ཀྱི་ནགས་ཁྲོད་དུ་ཞག་སྡོད་བྱེད་དགོས་ལ། 14 ཀྱེ་ཐེ་མཱའི་ཡུལ་མི་རྣམས། ཁ་སྐོམ་པ་ལ་ཆུ་སྟེར་དགོས་ཤིང་། བྲོས་བྱོལ་པ་རྣམས་ལ་བག་ལེབ་སྦྱིན་དགོས། 15 ཅིའི་ཕྱིར་ཞེ་ན། དེ་དག་ཕྱིར་ཐོན་པའི་རལ་གྲི་དང་། འཐེན་པའི་མདའ་མོ། ཛ་དྲག་ཆེ་བའི་དམག་འཁྲུག་བཅས་ལས་ཐར་བས་སོ། ། 16 གཙོ་བོས་ང་ལ་འདི་སྐད་དུ། གླ་པའི་ལོ་གྲངས་བཞིན་དུ་ལོ་གཅིག་གི་ནང་དུ་ཀེ་དཱར་གྱི་གཟི་བརྗིད་ཐམས་ཅད་རྫོགས་པར་འགྱུར་ཏེ། 17 མདའ་པ་ལས་ཐར་བའི་མི་གྲངས་ནི་ཀེ་དཱར་པའི་དཔའ་བོ་ཡིན་པས་ཤིན་ཏུ་ཉུང་ཞེས་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས་གསུངས་སོ། །
* ལེའུ་ཉེར་གཅིག་པ།:5 འདིར་ཕུབ་ལ་སྣུམ་བྱུགས་ཞེས་པ་ནི་ཕུབ་ལ་སྣུམ་བྱུགས་ནས་འཐབ་མོར་གྲ་སྒྲིག་བྱེད་དགོས་པའི་དོན་ལ་འཇུག ལེའུ་ཉེར་གཅིག་པ།:11 དུའུ་མཱ་ཞེས་པ་ནི་ཨེ་ཏོམ་ཞེས་པའི་མིང་གཞན་ཞིག་ཡིན་པར་གསུངས།