ལེའུ་ཉེར་དགུ་པ།
ཡེ་རུ་སཱ་ལེམ་དབང་དུ་བསྒྱུར་བ།
1 ཀྱེ་ཨ་རི་ཨེལ། དཱ་བིད་ཀྱིས་གཞིས་ཕབ་པའི་གྲོང་ཁྱེར་ཨ་རི་ཨེལ་ལ་ཆག་སྒོ་འབྱུང་བ་དང་། ཁྱོད་ཀྱིས་ལོ་རེ་རེར་དུས་བཞིན་དུ་དུས་ཆེན་རོལ་ཡང་།
2 བདག་གིས་ཨ་རི་ཨེལ་དཀའ་སྡུག་ནང་ལྷུང་དུ་བཅུག་ནས། སྡུག་བསྔལ་དང་ངུ་འབོད་ཀྱིས་ཁེངས་པའི་གྲོང་ཁྱེར་དུ་བྱས་ཏེ། བདག་གིས་དེ་ལ་ཨ་རི་ཨེལ་ཞེས་འབོད།
3 ངས་ཁྱོད་ཀྱི་ཕྱོགས་བཞི་ནས་དམག་སྒར་འཛུགས་ཤིང་། གྲོང་ཁྱེར་ལ་རྒོལ་བའི་ལྕོག་མཐོན་པོ་བརྩིགས་ནས་ཁྱོད་བསྐོར་བ་དང་། ཡང་འཛིང་རགས་རྣམས་བརྩིགས་ནས་ཁྱོད་ལ་རྒོལ་བར་འགྱུར།
4 དེ་ནས་ཁྱོད་མར་ཕབ་ཅིང་ས་འོག་ནས་སྐད་འདོན་པ་དང་། ཁྱོད་ཀྱི་སྐད་ས་རྡུལ་ལས་བྱུང་བ་བཞིན་ཤིན་ཏུ་དམའ་སྟེ། ཁྱོད་ཀྱི་སྐད་ནི་ཤི་བོའི་སྐད་བཞིན་དུ་ས་འོག་ནས་འབྱུང་ཞིང་། ཁྱོད་ཀྱི་གཏམ་ནི་ས་རྡུལ་ལས་བྱུང་བ་བཞིན་ཤུབ་ལབ་གཏོང་བར་འགྱུར།
5 འོན་ཀྱང་ཁྱོད་ཀྱི་དགྲ་བོའི་ཚོགས་ནི་ས་རྡུལ་ལྟར་མང་ཞིང་། བཙན་ཤུགས་སྤྱོད་པའི་མི་རྣམས་ཀྱང་རླུང་གིས་གཏོར་བའི་ཕུབ་མ་བཞིན་མང་སྟེ། དེ་ནི་སྐད་ཅིག་ཙམ་དང་གློ་བུར་ཉིད་ལ་འབྱུང་བར་འགྱུར།
6 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འབྲུག་སྒྲ་དང་ས་འགུལ། སྒྲ་ཆེན། འཁྱིལ་རླུང་། རླུང་ནག ཡོངས་རྫོགས་རྩ་མེད་གཏོང་བའི་མེ་བཅས་ཀྱིས་དེ་དག་ལ་ཆད་པ་གཅོད་པར་འགྱུར།
7 དུས་དེར་ཨ་རི་ཨེལ་ལ་རྒོལ་བའི་རྒྱལ་ཁབ་ཀུན་གྱི་དམག་དཔུང་སྟེ། ཨ་རི་ཨེལ་དང་དེའི་སྲུང་མཁར་ལ་རྒོལ་ཞིང་། དེ་ལ་གནོད་འཚེ་གཏོང་མཁན་ཐམས་ཅད་རྨི་ལམ་དང་མཚན་མོའི་སྣང་བ་ལྟར་འགྱུར་ཏེ།
8 ཡང་ལྟོ་བ་བཀྲེས་པའི་མི་ཞིག་གིས་རྨི་ལམ་དུ་ཟས་ཟ་བ་བཞིན། གཉིད་སད་དུས་སྔར་བཞིན་བཀྲེས་ལྟོགས་ཚོར་ཞིང་། ཁ་སྐོམ་པའི་མི་ཞིག་གིས་རྨི་ལམ་དུ་ཆུ་འཐུང་ཡང་། གཉིད་སད་དུས་སྔར་བཞིན་ཁ་སྐོམ་ཞིང་སེམས་ནས་ཆུ་འཐུང་འདོད་སྐྱེས། ཛ་ཡན་ལ་རྒོལ་བའི་རྒྱལ་ཁབ་ཀུན་གྱི་དམག་དཔུང་རྣམས་ཀྱང་དེ་བཞིན་ནོ། །
9 དེ་ཡང་ཁྱོད་རྣམས་ཧོན་འཐོར་ནས་ཧ་ལས་ཤིང་། རང་མགོ་རང་གིས་གཡོགས་ལ་རྨོངས་ཚོད་ཀྱིས་སྡོད་ཅིག ཁྱོད་རྣམས་བཟི་ཡང་རྒུན་ཆང་གིས་བཟི་བ་མིན། གོམ་ཁ་འཁྱོར་ཡང་ཆང་གར་པོས་འཁྱོར་བ་མིན།
10 དཀོན་མཆོག་ཡ་ཝཱེས་གཉིད་སྟུག་པོ་ཁུག་པའི་ཐུགས་ཉིད་ཁྱོད་ཀྱི་སྟེང་ལ་བླུགས་ཏེ། ཁོང་གིས་ཁྱོད་ཀྱི་མིག་སྟེ་ལུང་སྟོན་པའི་མིག་ནི་བཙུམ་པར་མཛད་པ་དང་། ཁྱོད་ཀྱི་མགོ་སྟེ་མངོན་ཤེས་པའི་མགོ་ཡང་བཀབ་པ་ཡིན།
11 ཁྱོད་རྣམས་ལ་མཚོན་ན་ལུང་བསྟན་དེ་ཐམས་ཅད་ནི་ཐམ་ཀ་བརྒྱབ་ཟིན་པའི་གླེགས་བམ་གྱི་གསུང་ཚིག་དང་འདྲ་སྟེ། མི་ཡིས་གླེགས་བམ་དེ་ཡི་གེ་ཤེས་མཁན་ལ་བསྟན་ནས་ན་རེ། འདི་བཀླག་རོགས་ཞུས་ཚེ། དེ་ན་རེ། འདི་ལ་ཐམ་ཀ་བརྒྱབ་ཡོད་པས་ངས་ཀློག་མི་ནུས་ཞེས་བརྗོད་ངེས།
12 ཡང་མི་ཡིས་གླེགས་བམ་དེ་ཡིག་རྨོངས་ཤིག་ལ་སྤྲད་དེ་ན་རེ། འདི་བཀླག་རོགས་ཞེས་ཞུས་ཀྱང་། དེས་ང་ཡིག་རྨོངས་ཡིན་ཞེས་བརྗོད་དོ། །
13 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། མི་སྡེ་འདི་ནི་ཁ་བཤད་ཙམ་གྱིས་བདག་དང་ཉེ་ཞིང་། ཁ་ནས་བདག་ལ་བཀུར་ན་ཡང་། ཁོ་ཚོའི་སེམས་ནི་བདག་དང་རྒྱང་ཐག་རིང་བས། ཁོ་ཚོ་བདག་ལ་གུས་ཤིང་འཇིགས་པ་ནི་མིས་བསླབས་པའི་སྲོལ་ཙམ་ཡིན།
14 དེ་བས། ལྟོས་ཤིག བདག་གིས་མི་སྡེ་འདི་ལ་ངོ་མཚར་གྱི་དོན་ཏེ། ངོ་མཚར་གྱི་སྟེང་ལ་ངོ་མཚར་འབྱུང་དུ་བཅུག་ནས། ཁོ་ཚོ་ཤེས་རབ་ཅན་གྱི་ཤེས་རབ་ཉམས་ཤིང་། རིག་པ་ཅན་གྱི་རིག་པ་འགེབས་པར་འགྱུར་ཞེས་གསུངས་སོ། །
15 རང་གི་ཇུས་འགོད་དཀོན་མཆོག་ཡ་ཝཱེ་ལ་སྦ་མཁན་རྣམས་ལ་ཆག་སྒོ་འབྱུང་། དེ་དག་གིས་ལྐོག་ནས་དོན་བསྒྲུབས་ཏེ་ན་རེ། སུས་ང་ཚོ་མཐོང་སྲིད། སུས་ང་ཚོ་ཤེས་སམ་ཞེས་པའོ། །
16 ཁྱོད་ཀྱིས་གནས་ལུགས་གོ་ལྡོག་སྟེ། རྫ་བཟོ་ནི་ཅི་ལྟར་འཇིམ་པ་རུ་ལྟའམ། བཟོས་པར་གྱུར་པ་ཡིས་བཟོ་མཁན་ལ། དེས་ང་མ་བཟོས། ཡང་གྲུབ་རྫས་ཀྱིས་རང་ཉིད་བཟོ་མཁན་ལ། ཁོ་ལ་བློ་རིག་མི་ལྡན་ཞེས་སྨྲ་ནུས་སམ།
ཁེངས་སྐྱུང་ཅན་གྱི་མ་འོངས་པའི་དགའ་སྤྲོ།
17 ལེ་པཱ་ནོན་ས་ཞིང་གཤིན་པོ་རུ་གྱུར་ཏེ། ས་ཞིང་གཤིན་པོ་དེ་ནགས་ཚལ་དུ་རྩི་བ་ནི་དུས་ཚོད་ཐུང་ཐུང་ཞིག་མ་ཡིན་ནམ།
18 ཉིན་མོ་དེར་འོན་པས་གླེགས་བམ་སྟེང་གི་གསུང་ཚིག་རྣམས་ཐོས་ཤིང་། ལོང་བའི་མིག་གིས་མུན་པ་དང་སྨག་རིམ་ཁྲོད་ནས་མཐོང་བར་འགྱུར།
19 ཉམ་ཐག་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་ནང་དུ་དགའ་སྤྲོ་རྙེད་ཅིང་། འཇིག་རྟེན་གྱི་དབུལ་ཕོངས་རྣམས་ཀྱང་ཡེས་ར་ཨེལ་གྱི་དམ་པའི་ཕྱིར་དུ་དགའ་བར་འགྱུར།
20 ཅི་ལ་ཞེ་ན། གདུག་རྩུབ་ཅན་རྣམས་མི་ལུས་ཤིང་འཕྱ་དམོད་བྱེད་མཁན་རྣམས་ཀྱི་རྒྱུན་ཆད་ཅིང་། ངན་སྤྱོད་བྱེད་འདོད་པ་ཐམས་ཅད་ཚར་གཅོད་བྱེད་པར་འགྱུར།
21 དེ་ཚོས་ཚིག་གཅིག་གིས་མི་ལ་སྐྱོན་འཛུགས་ཤིང་། མཁར་སྒོ་ནས་ཁྲིམས་གཅོད་མཁན་དག་ལ་རྙི་བཙུགས་ནས། གཞི་རྟེན་མེད་པའི་དོན་གྱིས་མི་དྲང་བདེན་ཅན་ལ་སྙོན་འཛུགས་པའོ། །
22 དེ་བས། སྔར་ཨབ་ར་ཧམ་སྐྱོབ་མཁན་གྱི་དཀོན་མཆོག་ཡ་ཝཱེས་ཡ་ཀོབ་ཀྱི་ཁྱིམ་རྒྱུད་ལ་གཟིགས་ནས་འདི་སྐད་དུ། ད་ཕྱིན་ཆད་ཡ་ཀོབ་ཁ་སྐྱེངས་པར་མི་འགྱུར་ཞིང་། གདོང་ཡང་སྐྱ་བོར་མི་འགྱུར།
23 གང་ལ་ཞེ་ན། བདག་གི་ཕྱག་གིས་མཛད་པའི་རང་གི་བུ་རྒྱུད་ཁོའི་ནང་དུ་ཡོད་པ་ཁོས་མཐོང་ཚེ། དེ་དག་གིས་ངའི་མིང་ལ་བསྟོད་ཅིང་། ཡ་ཀོབ་ཀྱི་དམ་པ་ཁོ་ནར་བཀུར་ལ། ཡེས་ར་ཨེལ་གྱི་དཀོན་མཆོག་ལའང་གུས་ཤིང་འཇིགས་པར་འགྱུར།
24 སེམས་འཐོམས་པ་རྣམས་ཀྱིས་བདེན་དོན་རྟོགས་ཤིང་། སྡུག་སྐད་འདོན་པ་རྣམས་ཀྱིས་བཀའ་སློབ་ལེན་པར་འགྱུར་ཞེས་གསུངས་སོ། །