ལེའུ་སུམ་ཅུ་པ།
ཨེ་ཅིབ་དང་འབྲེལ་བར་ཆག་སྒོ་འབྱུང་།
དེ་ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ངོ་ལོག་པའི་བུ་རྒྱུད་འདི་དག་ལ་ཆག་སྒོ་འབྱུང་། དེ་ཚོས་བདག་གི་ཐུགས་དགོངས་བཞིན་མ་ཡིན་པའི་གྲོས་བཏབ་ནས། བདག་གི་ཐུགས་ཉིད་ལས་བྱུང་བ་མ་ཡིན་པར་དེ་དག་གིས་ཆིངས་ཡིག་བཞག་པས་སྡིག་པའི་ཐོག་ལ་སྡིག་པ་བྱས། དེ་ཚོས་བདག་ལ་མ་ཞུས་པར་ཨེ་ཅིབ་ཡུལ་དུ་སོང་ཞིང་། ཕཱར་ཨོལ་གྱི་སྐྱབས་འོག་ཏུ་བྲོས་ནས་ཨེ་ཅིབ་པའི་གྲིབ་བསིལ་ལ་རྒྱབ་རྟེན་བཅོལ། དེ་བས་ཕཱར་ཨོལ་གྱི་སྐྱབས་ནི་ཁྱོད་ཅག་གི་ངོ་ཚ་དང་། ཨེ་ཅིབ་ཀྱི་གྲིབ་བསིལ་ལ་རྒྱབ་རྟེན་བཅོལ་བ་ནི་ཁྱོད་ཅག་གི་ཞབས་འདྲེན་དུ་འགྱུར། དེའི་འགོ་དཔོན་རྣམས་ཚོ་ཨན་ལ་ཡོད་ཅིང་། དེའི་ཕོ་ཉ་རྣམས་ཧ་ནེ་ *རུ་སླེབས་ཀྱང་། ཁོ་ཚོ་ལ་ཕན་ཐོགས་ཅི་ཡང་མེད་པའི་འབངས་རྣམས་ཀྱི་ཕྱིར་དུ་ཁོ་རྣམས་ངོ་ཚ་བར་འགྱུར་ཞིང་། འབངས་དེ་དག་ལས་ཕན་ཐོགས་དང་རོགས་རམ་མ་བྱུང་བར། ངོ་ཚ་དང་བརྙས་བཅོས་ཐོན་ནོ་ཞེས་གསུངས་སོ། ། དེ་ཡང་དཀོན་མཆོག་ཡ་ཝཱེའི་ནེ་གུབ་ཡུལ་གྱི་གཅན་གཟན་སྐོར་གྱི་བཀའ་ལུང་ནི་འདི་ལྟ་སྟེ། ཁོ་ཚོས་རང་རང་གི་རྒྱུ་ནོར་བོང་བུའི་རྒྱབ་དང་། རྔ་མོང་གི་སྟེང་ལ་བཀལ་ནས་ཕོ་སེང་དང་མོ་སེང་། དུག་སྦྲུལ་དང་འཕུར་སྐྱོད་བྱེད་པའི་སྦྲུལ་གཟུགས་བཅས་ཐོན་པའི་དཀའ་སྡུག་ཅན་གྱི་ས་ཆ་བརྒྱུད་དེ། ཁོ་ཚོ་ལ་ཕན་མི་ཐོགས་པའི་མི་སྡེའི་ཕྱོགས་སུ་ཕྱིན། ཨེ་ཅིབ་པའི་རོགས་རམ་ནི་དོན་མེད་དང་སྟོང་པ་ཡིན་པས། བདག་གིས་དེ་ལ་ཅི་ཡང་མི་བྱེད་པའི་ར་ཧབ་ཅེས་བཏགས་པ་ཡིན། ཕྱིས་འབྱུང་དང་དུས་གཏན་གྱི་བདེན་དཔང་བྱེད་ཕྱིར། ད་ཁྱོད་སོང་ལ་དེ་དག་གི་མདུན་དུ་བཀའ་འདི་རྡོ་ཐོག་ཏུ་རྐོས་དང་། གླེགས་བམ་སྟེང་དུ་ཕྲིས་ཤིག ཅི་ལ་ཞེ་ན། དེ་ཚོ་ནི་ངོ་ལོག་པའི་མི་སྡེ་དང་། བློ་མི་དཀར་བའི་བུ་རྒྱུད། དཀོན་མཆོག་ཡ་ཝཱེའི་བཀའ་ལ་མི་མཉན་པའི་བུ་རྒྱུད་ཡིན་ནོ། ། 10 དེ་ནས་ཁོ་ཚོས་མངོན་ཤེས་པ་རྣམས་ལ་ན་རེ། ཁྱོད་རྣམས་ཀྱིས་ད་ནི་ཞལ་གཟིགས་ལ་མ་བལྟ་ཞེས་དང་། ལུང་སྟོན་པ་དག་ལ་ན་རེ། ཁྱོད་རྣམས་ཀྱིས་ད་ནས་ངེད་ཅག་ལ་ལུང་བསྟན་བདེན་པ་མི་སྨྲ་བར་གཏམ་སྙན་པོ་དང་། ལུང་བསྟན་རྫུན་མ་སྨྲ་དགོས། 11 ཁྱོད་རྣམས་དྲང་ལམ་དང་འབྲལ་ཞིང་བདེན་པའི་ལམ་ནས་གཟུར་ཏེ་ངེད་རྣམས་ཀྱི་དྲུང་དུ་ཡེས་ར་ཨེལ་གྱི་དམ་པ་ཉིད་མ་གླེང་ཞིག་ཅེས་པའོ། ། 12 དེ་བས་ཡེས་ར་ཨེལ་གྱི་དམ་པ་ཉིད་ཀྱིས་འདི་སྐད་དུ། ཁྱོད་རྣམས་ཀྱིས་བཀའ་འདི་དོར་ཅིང་བརྙས་བཅོས་གཉའ་གནོན་དང་གཡོ་སྒྱུ་ལ་བརྟེན་པས། 13 སྡིག་པ་འདི་ཁྱོད་རྣམས་ལ་མཚོན་ན་སེར་ཁ་ཡོད་པ་དང་ཕྱིར་འབུར་བ། རྡིབ་ལ་ཉེ་བའི་རྩིག་པ་ཞིག་དང་འདྲ་བར་སྐད་ཅིག་ཙམ་ལ་ལོག་པར་འགྱུར། 14 རྩིག་པ་དེ་ལོག་པ་ནི་རྫ་མཁན་གྱི་རྫ་ཆས་བཅག་པ་བཞིན་དྲག་རྩུབ་ངང་རྩ་བ་ནས་བཅག་པ་དང་། ཐ་ན་དེའི་ཆག་དུམ་ནང་དུ་ཐབ་ལས་མེ་ལེན་པ་དང་ཆུ་རྫིང་ལས་ཆུ་ལེན་བྱེད་གཅིག་ཀྱང་མ་རྙེད་དོ་ཞེས་གསུངས་སོ། ། 15 ཡེས་ར་ཨེལ་གྱི་དམ་པ་ཉིད་དེ་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཁྱོད་རྣམས་ལ་ཐར་པ་ཐོབ་པ་ནི་འགྱོད་བཤགས་དང་ངལ་གསོའི་ཕྱིར་ཡིན་ལ། ཁྱོད་རྣམས་ལ་སྟོབས་ཤུགས་ཐོབ་པ་ནི་ཞི་བདེ་དང་དད་པའི་ཕྱིར་ཡིན་ཡང་། ཁྱོད་རྣམས་དེ་ལ་མ་འཐད་པར། 16 ཁྱོད་རྣམས་ན་རེ། མི་དགོས་ལ་ངེད་རྣམས་རྟ་ལ་ཞོན་ནས་བྲོས་ཆོག་ཅེས་སྨྲས་ནས་འབྲོ་ཞིང་། ཡང་ཁྱོད་རྣམས་ན་རེ། ངེད་རྣམས་རྟ་འགྲོས་མར་ཞོན་དགོས་ཞེས་པས་ཁྱོད་ཅག་གི་རྗེས་འདེད་མཁན་རྣམས་ཀྱང་ཇེ་མགྱོགས་སུ་གཏོང་བར་འགྱུར། 17 དགྲ་བོ་གཅིག་གིས་ཁྱོད་ལ་འཇིགས་བསྐུལ་ན་མི་ཆིག་སྟོང་འབྲོ་བ་དང་། དགྲ་བོ་ལྔ་ཡིས་ཁྱོད་ལ་འཇིགས་བསྐུལ་ན་ཁྱོད་རྣམས་ལས་མང་ཤོས་འབྲོ་བར་འགྱུར་ཞིང་། ཐ་ན་ཁྱོད་ཀྱི་ཤུལ་དུ་ལུས་པ་དེ་ནི་རི་རྩེའི་དར་ཤིང་དང་དེའུ་འབུར་སྟེང་གི་དར་ཆ་བཞིན་ཡིན་པར་འགྱུར།
དཀོན་མཆོག་ལ་སྒུག་མཁན་རྣམས་ལ་བྱིན་རླབས་འཐོབ་པ།
18 དེ་བས་དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ལ་བསྒུགས་ནས་གཟིགས་སྐྱོང་མཛད་ཅིང་། ཁོང་གིས་ཁྱོད་ལ་ཐུགས་རྗེས་གཟིགས་ནས་ཡར་བཞེང་བར་འགྱུར། གང་ལ་ཞེ་ན། དཀོན་མཆོག་ཡ་ཝཱེ་ནི་དྲང་བདེན་ཅན་གྱི་དཀོན་མཆོག་ལགས་པས། ཁོང་ལ་སྒུག་མཁན་ཐམས་ཅད་བདེ་བར་འགྱུར་རོ། ། 19 ཀྱེ་ཛ་ཡན་གྱི་འབངས་མི་དང་། ཡེ་རུ་སཱ་ལེམ་གྱི་ཡུལ་མི་རྣམས། ཁྱོད་རྣམས་ཡང་བསྐྱར་ངུ་བར་མི་འགྱུར། ཁྱོད་ཀྱི་སྐྱབས་ཞུ་བའི་སྐད་ཀྱི་ཕྱིར་ཁོང་གིས་ཁྱོད་ལ་ཐུགས་རྗེས་གཟིགས་ཤིང་། ཁོང་གིས་གསན་ནས་ཁྱོད་ལ་བཀའ་ལན་གནང་ངེས། 20 དཀོན་མཆོག་ཡ་ཝཱེས་ཁྱོད་ཀྱི་ཟས་སུ་དཀའ་སྡུག་དང་། སྡུག་བསྔལ་གྱི་ཆུ་ཁྱོད་ལ་བཏུང་བར་མཛད་ནའང་། ཁྱོད་ཀྱི་སློབ་དཔོན་གྱིས་རང་ཉིད་སྦ་བར་མི་འགྱུར་ཞིང་། ཁྱོད་ཀྱིས་དངོས་སུ་རང་གི་སློབ་དཔོན་མཇལ་བར་འགྱུར། 21 ཁྱོད་གར་འགྲོ་འདིར་འགྲོ་མི་ཤེས་པའི་ཚེ། འདི་ནི་དྲང་ལམ་ཡིན་ལ་འདིའི་ནང་དུ་རྒྱུ་དགོས་ཞེས་རང་གི་རྒྱབ་ཕྱོགས་ནས་བཀའ་ཞིག་ཁྱོད་ཀྱིས་ཐོས་པར་འགྱུར། 22 བཙོག་པར་བཟོས་པའི་དངོས་པོ་བཞིན་དུ། ཁྱོད་ཀྱིས་དངུལ་གྱིས་ཤན་པའི་རང་གི་སྐུ་འདྲ་དང་། གསེར་ཆུ་བྱུགས་པའི་སྐུ་འདྲ་བླུག་མ་རྣམས་འདོར་ཞིང་། ཡང་དེ་དག་ལ་ཕར་སོང་ཞིག་ཅེས་བརྗོད་པར་བྱའོ། ། 23 ཁྱོད་ཀྱིས་སའི་ནང་དུ་བཏབ་པའི་ས་བོན་ལ་ཁོང་གིས་ཆར་བ་གནང་ཞིང་། ས་ལས་ཐོན་པའི་ཁྱོད་ཀྱི་འབྲུ་རིགས་ནི་ཕུན་སུམ་ཚོགས་ཤིང་བཅུད་དང་ལྡན་པར་མཛད། ཉིན་མོ་དེ་ལ་ཁྱོད་ཀྱི་ཕྱུགས་ཁྱུས་ཁོད་ཡངས་པོའི་སྤང་ཐང་ནས་རྩྭ་བཟའ་བར་འགྱུར། 24 ཁྱེམ་དང་ཚེབ་ཀྱིས་རླུང་ལ་འཕྱར་བའི་རྩྭ་སྟེ། ཞིང་འདེབས་པའི་བ་གླང་དང་བོང་བུས་ཚྭ་ལྡན་གཟན་རྩྭ་དེ་བཟའ་བར་འགྱུར། 25 གསོད་གཅོད་ཀྱི་ཉིན་མོ་དང་ལྕོག་མཁར་རྣམས་སར་ལོག་པའི་དུས་སུ། རི་མཐོན་པོ་རེ་རེ་དང་དེའུ་འབུར་སྟེང་དུ་ཆུ་ཕྲན་ལང་ལོང་དུ་འབབ་པར་འགྱུར། 26 དཀོན་མཆོག་ཡ་ཝཱེས་ཉིད་ཀྱི་རྡུང་རྡེག་ལས་མི་སྡེ་ལ་བཏོད་པའི་རྨ་ཁ་བསྡམས་ནས། དེ་དག་གི་རྨ་ཤུལ་གསོ་བའི་ཉིན་མོར། ཟླ་འོད་ནི་ཉི་འོད་ལྟར་འགྱུར་ཞིང་། ཉི་འོད་ལྡབ་བདུན་དུ་གྱུར་ནས་ཉིན་མོ་བདུན་གྱི་འོད་དང་འདྲའོ། ། 27 ཡང་ལྟོས་དང་། དཀོན་མཆོག་ཡ་ཝཱེའི་མཚན་ནི་རྒྱང་རིང་ནས་སླེབས་ཏེ། ཁོང་ཐུགས་ཁྲོས་ཤིང་དུ་བ་སྟུག་པོ་འཕྱུར་བ་དང་། ཁོང་གི་ཞལ་ལ་ཁྲོ་བས་ཁེངས་ཤིང་། ལྗགས་ནི་ཡོངས་རྫོགས་རྩ་མེད་གཏོང་བའི་མེ་དང་འདྲ། 28 ཁོང་གི་དབུགས་ནི་གཙང་ཆུ་རྒྱས་ནས་མཇིང་པར་སླེབས་པ་བཞིན་དང་། ཚར་དུ་གཅོད་པའི་ཁྲོལ་ཚགས་ཀྱིས་མི་རིགས་རྣམས་གཙང་མར་ཚགས་ཤིང་། ཡང་མི་དེ་དག་གི་ཁ་ནང་དུ་རང་ཉིད་ལམ་ལོག་ཏུ་འཁྲིད་པའི་སྲབ་འཇོག་པར་འགྱུར། 29 དེ་ནས་ཁྱོད་ཅག་གིས་དམ་པའི་དུས་ཆེན་སྲུང་བའི་མཚན་མོ་བཞིན་གླུ་ལེན་ཞིང་། གླིང་བུ་འབུད་བཞིན་འགྲོ་བའི་མི་ནི་དཀོན་མཆོག་ཡ་ཝཱེའི་རི་བོ་དང་། ཡེས་ར་ཨེལ་གྱི་བྲག་རྡོའི་གམ་དུ་ཆས་པ་བཞིན་ཁྱོད་རྣམས་ཀྱི་སེམས་སྤྲོ་བར་འགྱུར། 30 དཀོན་མཆོག་ཡ་ཝཱེས་ཉིད་ཀྱི་དབང་དང་ལྡན་པའི་གསུང་སྐད་མི་རྣམས་ལ་ཐོས་སུ་བཅུག་སྟེ། ཐུགས་ཁྲོ་དང་ཐམས་ཅད་རྩ་མེད་གཏོང་བའི་མེ་ལྕེ་དང་། དྲག་ཆར་དང་རླུང་དམར། སེར་བ་བཅས་ཀྱི་ནང་དུ་ཁོང་གི་དཔུང་ངར་རྒྱངས་པ་མི་ལ་སྟོན་པར་བྱའོ། ། 31 ཨ་སུར་པ་དཀོན་མཆོག་ཡ་ཝཱེའི་གསུང་སྐད་ཀྱི་ཕྱིར་འཇིགས་ཤིང་། དཀོན་མཆོག་ཡ་ཝཱེས་དབྱུག་པ་ཡིས་དེ་དག་ལ་རྡུང་བར་འགྱུར། 32 དཀོན་མཆོག་ཡ་ཝཱེས་ཉེས་ཆད་ཀྱི་དབྱུག་པས་དེ་དག་གི་སྟེང་ལ་བསྣུན་ཞིང་། རྡུང་ཐེངས་རེ་ལ་སིལ་རྔ་དང་པི་ཝང་གི་སྒྲ་ཡོད་པ་དང་། དཀོན་མཆོག་ཡ་ཝཱེས་འཐབ་པའི་དུས་སུ་ཕྱག་གཡུགས་ནས་དེ་དག་ལ་རྒོལ་བར་བྱའོ། ། 33 ཐོ་ཕེད་ཀྱི་འབར་བའི་མེ་དེ་སྔ་མོ་ནས་གྲ་སྒྲིག་བྱས་ཟིན་ལ། དེ་ནི་རྒྱལ་པོའི་དོན་དུ་གྲ་སྒྲིག་བྱས་ཤིང་། དེའི་ནང་དུ་མེ་དང་བུད་ཤིང་སྤུངས་ཡོད་པས་རྒྱ་ཆེ་ཞིང་གཏིང་ཟབ་ལ། དཀོན་མཆོག་ཡ་ཝཱེའི་དབུགས་ནི་མེ་འབར་བའི་མུ་ཟིའི་ཆུ་རྒྱུན་དང་འདྲ་བར་དེ་ལ་མེ་སྦར་བར་བྱའོ། །
* ལེའུ་སུམ་ཅུ་པ།:4 ཚོ་ཨན་དང་ཧ་ནེ་ཞེས་པ་ནི་ཡ་ཧུ་དཱ་དང་ཐག་ཉེ་བའི་གྲོང་ཁྱེར་གཉིས་ཡིན། ལེའུ་སུམ་ཅུ་པ།:22 འདིར་བཙོག་པར་བཟོས་པའི་དངོས་པོ་ཞེས་པར་མ་ཕྱི་ལས་ཟླ་མཚན་གྱིས་བརྫབས་པའི་གོས་ཞེས་འབྱུང་། ལེའུ་སུམ་ཅུ་པ།:33 ཐོ་ཕེད་ཅེས་པ་ནི་མེ་འབར་བའི་གནས་ཞེས་པའི་དོན་ལ་འཇུག