ལེའུ་བཞི་པ།
དཀོན་མཆོག་ཡ་ཝཱེའི་ལྕུག་ཕྲན།
1 ཉིན་དེ་ལ་བུད་མེད་བདུན་གྱིས་སྐྱེས་པ་གཅིག་ལ་འཐམས་ཏེ་ན་རེ། ང་ཚོས་རང་གི་ཁ་ཟས་སྤྱད་ནས་རང་གི་གོན་པ་ཡང་གྱོན་ཆོག ང་ཚོའི་ངོ་ཚ་བསལ་བའི་ཕྱིར་ཁྱེད་ཀྱི་མིང་གི་འོག་ཏུ་ལེན་རོགས་ཞེས་ཞུ་ངེས།
2 ཉིན་མོ་དེ་ལ་དཀོན་མཆོག་ཡ་ཝཱེའི་ལྕུག་ཕྲན་ནི་མཛེས་ཤིང་གཟི་བརྗིད་ཀྱིས་ཁྱབ་སྟེ། ཡུལ་དེའི་ཤིང་ཏོག་རྣམས་ཡེས་ར་ཨེལ་ནས་ལུས་པ་རྣམས་ཀྱི་གཟི་བརྗིད་དང་དཔལ་ཡོན་དུ་འགྱུར་ཞིང་།
3 དེའི་དུས་སུ་ཛ་ཡན་ནས་ལུས་ཤིང་ད་དུང་ཡེ་རུ་སཱ་ལེམ་དུ་འཚོ་སྡོད་བྱས་ཡོད་པ་སྟེ། ཡེ་རུ་སཱ་ལེམ་ནས་ཐོ་བརྒྱབ་པའི་གསོན་པོ་ཐམས་ཅད་ལ་དམ་པ་ལགས་ཞེས་འབོད་དོ། །
4 གཙོ་བོས་ཁོང་གི་ཁྲིམས་གཅོད་ཀྱི་ཐུགས་ཉིད་དང་མེར་སྲེག་པའི་ཐུགས་ཉིད་ལ་བརྟེན་ནས། ཛ་ཡན་གྱི་བུད་མེད་རྣམས་ཀྱི་མི་གཙང་བ་བཀྲུ་ཞིང་། ཡེ་རུ་སཱ་ལེམ་ཁྲོད་ཀྱི་ཁྲག་ཐིགས་རྣམས་གཙང་མར་བཀྲུ་ངེས་ཡིན།
5 དེ་ནས་དཀོན་མཆོག་ཡ་ཝཱེས་རི་བོ་ཛ་ཡན་ཡོངས་དང་མི་ཚོགས་ཀྱི་སྟེང་དུ་ཉིན་དཀར་སྤྲིན་དང་དུ་བ། མཚན་མོར་མེ་འོད་འགོད་པར་བྱའོ། །ཅི་ལ་ཞེ་ན། གཟི་བརྗིད་དེ་ཐམས་ཅད་ཀྱི་སྟེང་དུ་གདུགས་ཀྱིས་གཡོག་པར་འགྱུར་རོ། །
6 ཡང་ཁོང་གིས་ཉིན་མོར་ཚ་བར་གཡོལ་བ་དང་། རླུང་དང་དྲག་ཆར་ལ་ཡིབ་སའི་ལྡིང་ཁང་གནང་བར་བྱའོ། །