ལེའུ་ལྔ་པ།
རྒུན་འབྲུམ་ར་བའི་མགུར་མ།
1 ངས་རང་གི་སྙིང་ཉེ་ལ་མགུར་ཞིག་ལེན་ཏེ། མགུར་འདི་ནི་ཁོང་གི་རྒུན་འབྲུམ་ར་བའི་སྐོར་ཡིན། ངའི་སྙིང་ཉེ་ལ་ས་བཅུད་འཛོམས་པའི་རི་སྒང་དུ་རྒུན་འབྲུམ་ར་བ་ཞིག་ཡོད།
2 ཁོང་གིས་ར་བའི་ས་བསྔོགས་པ་དང་རྡོ་བཏུས་ནས་རྒུན་འབྲུམ་ཡག་ཤོས་བཙུགས་ཤིང་། ར་བའི་དཀྱིལ་དུ་སོ་ལྟ་ཁང་བརྩིགས་པ་དང་། རྒུན་འབྲུམ་འཚིར་གཞོང་ཞིག་ཀྱང་བརྐོས་ཏེ་རྒུན་འབྲུམ་བཟང་པོ་སྨིན་པར་རེ་ལྟོས་བཅངས་ནའང་། དེ་ལས་རི་སྐྱེས་རྒུན་འབྲུམ་ཐོགས་སོ། །
3 ཀྱེ་ཡེ་རུ་སཱ་ལེམ་གྱི་ཡུལ་མི་དང་ཡ་ཧུ་དཱ་པ་རྣམས། ད་ནི་ང་དང་ངའི་རྒུན་འབྲུམ་ར་བའི་བར་དུ་ལེགས་ཉེས་ཀྱི་ཤན་འབྱེད་པར་གྱིས་ཤིག
4 ངས་རང་གི་རྒུན་འབྲུམ་ར་བའི་ཆེད་དུ་ཅི་བྱས་པ་ལས་ད་དུང་ལྷག་མ་གང་ཞིག་བྱ་དགོས་སམ། ངས་དེ་ལས་རྒུན་འབྲུམ་བཟང་པོ་སྨིན་པར་རེ་ལྟོས་བཅངས་ནའང་། དེ་ལས་རི་སྐྱེས་རྒུན་འབྲུམ་ཐོགས་པ་ཅི་ཡིན་ནམ།
5 ད་ནི་ངས་རང་གི་རྒུན་འབྲུམ་ར་བ་ལ་ཅི་བྱེད་པར་འགྱུར་བ་ཁྱོད་ལ་འཆད་པར་བྱ་སྟེ། ངས་དེའི་ར་སྐྱོར་བཤིགས་ནས་ཁྱུར་མིད་གཏོང་དུ་འཇུག་དགོས་ལ། དེའི་གྱང་ར་བཤིག་ནས་རྡུལ་དུ་བརླག་དགོས།
6 ངས་དེ་བེད་མེད་དུ་བསྐྱུར་ནས་འབྲེག་བཅོས་དང་རྨོ་སློག་མི་བྱ་ཞིང་། ཚེར་མ་དང་གཟེ་མ་ར་མགོ་སྐྱེ་བར་འགྱུར་ལ། སྤྲིན་ལའང་བཀའ་བསྒོས་ནས་ར་བའི་ནང་ཆར་པ་འབེབ་ཏུ་མི་འཇུག་གོ །
7 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེའི་རྒུན་འབྲུམ་ར་བ་ནི་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ཡིན་ལ། ཁོང་ཐུགས་དགྱེས་པའི་ལྗོན་ཤིང་ནི་ཡ་ཧུ་དཱ་པ་རྣམས་ཡིན། ཁོང་གི་རེ་ལྟོས་ནི་དྲང་བདེན་ཡིན་ནའང་། དེར་ཁྲག་བཞུར་བ་གཟིགས་ཤིང་། ཁོང་གི་རེ་ལྟོས་ནི་དྲང་གཞག་ཡིན་ནའང་སྨྲེ་སྔགས་འབའ་ཞིག་ཐོས་པའོ། །
གདུག་རྩུབ་ཅན་ལ་ཆག་སྒོ་འབྱུང་བ།
8 ཁང་པར་ཁང་པ་མཐུད་པ་དང་ཞིང་དང་ཞིང་སྦྲེལ་ནས་ས་ལྷག་གང་ཡང་མི་བསྐྱུར་བའི་མི་ལ་ཆག་སྒོ་འབྱུང་ཞིང་། ཁྱོད་རྣམས་ཡུལ་དེར་གཅིག་པུར་ལུས་པ་ཡིན།
9 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་པ་ངས་ཐོས་བྱུང་སྟེ། ཁང་པ་མང་པོ་སྟོངས་ཤིང་། ཁང་པ་ཆེན་པོ་ཡིད་དུ་འོང་བ་རྣམས་ཀྱང་སྡོད་མཁན་མེད་པར་འགྱུར།
10 བ་གླང་དོར་བཅུ་ཡིས་རྨོད་པའི་རྒུན་ཚལ་ལས་རྒུན་ཆང་ཆུ་བེན་གང་དང་། ས་བོན་ཁལ་གཅིག་ལས་འབྲུ་རིགས་ཨེ་ཕཱ་གཅིག་མ་གཏོགས་མི་རེག
11 ཞོགས་པ་སྔ་མོ་ལངས་ནས་གར་ཆང་བཏུང་ཞིང་། དགོང་མོའི་བར་དུ་རྒུན་ཆང་འཐུངས་ནས་ངར་ལངས་པ་རྣམས་ལ་ཆག་སྒོ་འབྱུང་།
12 དེ་དག་གི་གསོལ་སྟོན་སྟེང་པི་ཝང་དང་རྒྱུད་མངས་དང་། སིལ་རྔ་དང་། གླིང་བུ་དང་། རྒུན་ཆང་བཅས་ཡོད་ནའང་། དེ་དག་གིས་དཀོན་མཆོག་ཡ་ཝཱེའི་མཛད་པ་ལ་དོ་སྣང་མི་བྱེད་ལ། ཁོང་གི་ཕྱག་ལས་ལའང་མཉམ་འཇོག་མེད་དོ། །
13 དེ་བས་བདག་གི་འབངས་མི་ནི་གོ་བ་མེད་པའི་རྐྱེན་གྱིས་བཙོན་དུ་འཁྲིད་དགོས་བྱུང་ཞིང་། དེའི་མི་ཆེན་རྣམས་ལྟོགས་ནས་འཆི་བ་དང་། དེའི་མི་དམངས་ནི་སྐོམ་པས་གདུང་བར་འགྱུར།
14 གཤིན་པོའི་གནས་ཀྱིས་ཚད་མེད་པར་མིད་པ་ཆེར་ཕྱེ་ཞིང་ཁ་ཆེ་རུ་གདངས་ཏེ། ཡེ་རུ་སཱ་ལེམ་གྱི་དཔལ་ཡོན་དང་མི་ཚོགས། འུར་སྐད་སྒྲོག་མཁན་དང་སྤྲོ་སྐྱིད་གཏོང་བ་ཐམས་ཅད་དེའི་ཁ་ནང་དུ་ལྷུང་བར་འགྱུར།
15 དེར་བརྟེན་མི་ཐ་ཤལ་བ་རྣམས་ཀྱིས་མགོ་བོ་སྨད་ཅིང་། མི་ཆེན་རྣམས་ཀྱིས་ཁེངས་སྐྱུང་བྱེད་པ་དང་། རང་རློམ་ཅན་རྣམས་ཀྱིས་ཀྱང་ཁེངས་སྐྱུང་བྱེད་པར་འགྱུར།
16 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་གཅིག་པུ་ནི་དྲང་བདེན་གྱི་རྐྱེན་གྱིས་མཐོ་རུ་འདེགས་ཤིང་། དཀོན་མཆོག་དམ་པ་ཁོང་ཉིད་དྲང་པོའི་སྒོ་ནས་དམ་པ་རུ་མངོན་ནོ། །
17 དེ་ནས་ལུ་གུ་ཡོང་ནས་རང་གི་རྩྭ་རར་རྩྭ་ཟ་བ་བཞིན་དུ་རྩྭ་ཟ་ཞིང་། ཕྱུག་བདག་རྣམས་རྒུད་པའི་ཤུལ་དུ་ཡུལ་འཁྱམ་པ་རྣམས་ཀྱིས་གང་འདོད་དུ་ཟས་བཅུད་ལོངས་སུ་སྤྱོད་དོ། །
18 སྙིང་པོ་མེད་པའི་ཐིག་གུས་ཉེས་པ་འདྲེན་ཞིང་། ཤིང་རྟ་འདྲུད་བྱེད་ཀྱི་ཐག་པས་སྡིག་པ་འཐེན་མཁན་དག་ལ་ཆག་སྒོ་འབྱུང་།
19 དེ་དག་ན་རེ། ཁོང་གིས་མགྱོགས་མྱུར་ངང་དེ་འཕྲལ་དུ་ཉིད་ཀྱི་ཕྱག་ལས་འགྲུབ་པར་མཛད་དེ་རང་ཅག་ལ་སྟོན་པར་ཤོག ཡང་རང་ཅག་གིས་རྟོགས་པའི་ཕྱིར་དུ་ཡེས་ར་ཨེལ་གྱི་དམ་པ་ཉིད་ཀྱི་དགོངས་འཆར་ཉེ་བར་སླེབས་གྱུར་ཅིག་ཅེས་སྨྲའོ། །
20 ངན་པ་ལ་བཟང་པོ་ཞེས་དང་བཟང་པོ་ལ་ངན་པ་ཞེས་འབོད་ཅིང་། འོད་ཀྱི་ཚབ་ཏུ་མུན་པ་དང་མུན་པའི་ཚབ་ལ་འོད་སྣང་འཇོག་པ་དང་། ཁ་མོའི་ཚབ་ཏུ་མངར་མོ་དང་མངར་མོའི་ཚབ་ལ་ཁ་མོ་འཇོག་མཁན་དག་ལ་ཆག་སྒོ་འབྱུང་།
21 རང་གི་མིག་ལམ་དུ་ཤེས་རབ་ཆེ་མདོག་དང་། རང་གི་མཐོང་ལམ་དུ་སྤྱང་པོ་ཡིན་སྙམ་པ་རྣམས་ལ་ཆག་སྒོ་འབྱུང་།
22 རྒུན་ཆང་བཏུང་བར་དཔའ་བ་དང་། གར་ཆང་འདྲེས་སྦྱོར་ལ་མཁས་པ་དག་ལ་ཆག་སྒོ་འབྱུང་།
23 དེ་དག་གིས་ལྐོག་རྔན་བླངས་ནས་ངན་པ་དྲང་པོར་རྩི་བ་དང་། དྲང་པོ་རྣམས་ཀྱི་ཁེ་དབང་འཕྲོག་པར་བྱེད།
24 དེ་བས་མེ་ལྕེས་སོག་མ་འགེམས་པ་དང་། རྩྭ་སྐམ་མེ་ཡིས་བསྲེག་པ་བཞིན་དེ་དག་གི་རྩ་བ་རུལ་ཞིང་། མེ་ཏོག་རྣམས་རྡུལ་ལྟར་རླུང་གིས་འཁུར། ཅི་ལ་ཞེ་ན། དེ་དག་གིས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེའི་བཀའ་ཁྲིམས་སྤངས་ཤིང་། ཡེས་ར་ཨེལ་གྱི་དམ་པ་ཉིད་ཀྱི་བཀའ་ཁྱད་དུ་བསད་པའོ། །
25 རྒྱུ་མཚན་དེའི་དབང་གིས་དཀོན་མཆོག་ཡ་ཝཱེ་རང་གི་འབངས་མི་ལ་རབ་ཏུ་ཁྲོས་ཏེ། ཕྱག་བརྐྱངས་ནས་དེ་དག་ལ་བརྡུང་བ་དང་། རི་བོ་རྣམས་འདར་ཞིང་བམ་རོ་རྣམས་སྲང་ལམ་གྱི་གད་སྙིགས་ལྟར་འགྱེལ། དེས་ཀྱང་ཁོང་གི་ཐུགས་ཁྲོ་མ་ཞི་བར་ཕྱག་ནི་སྔར་བཞིན་བརྐྱངས་པའོ། །
26 ཁོང་གིས་དར་ཆ་བསྒྲེངས་ནས་མི་རིགས་རྣམས་རྒྱང་རིང་ནས་འབོད་ཅིང་། ཤུ་སྒྲ་སྒྲོག་བཞིན་སའི་མཐའ་མཚམས་ནས་དེ་རྣམས་འབོད་པར་འགྱུར། ལྟོས་དང་། དེ་དག་བྲེལ་འཚུབ་ངང་མགྱོགས་པོར་སླེབ་ཡོང་།
27 དེ་དག་གི་ཁྲོད་དུ་ཐང་ཆད་པ་དང་སར་འགྱེལ་བ། གཉིད་ཅོག་རྒྱག་པ། གཉིད་ལ་ཡུར་བ་བཅས་ནི་གཅིག་ཀྱང་མེད་ལ། དེ་དག་གི་སྐ་རགས་ལྷོད་མེད་པ་དང་ལྷམ་སྒྲོག་ཀྱང་ཆད་མེད།
28 དེ་དག་གི་མདའ་རྣོན་པོ་རྣམས་གཞུ་ལ་བསྐྱིལ་བ་དང་། དེ་དག་གི་རྟའི་རྨིག་པ་རྣམས་མེ་ཆ་བཞིན་དང་། ཤིང་རྟའི་འཁོར་ལོ་རྣམས་རླུང་འཚུབ་ལྟར་ཡིན།
29 དེ་དག་གི་སྐད་སྒྲ་ནི་སེང་གེའི་ཁྲོད་ཀྱི་སེང་དར་མའི་ང་རོ་ལྟར་སྒྲོག་ཅིང་། ངར་སྐད་ལྷང་ལྷང་སྒོས་འཕྲོག་བཅོམ་བྱས་ནས་འཁྱེར་འགྲོ་བ་དང་སྐྱོབ་མཁན་གཅིག་ཀྱང་མེད།
30 ཉིན་དེར་དེ་དག་གིས་ཡེས་ར་ཨེལ་པ་རྣམས་ལ་རྦ་རླབས་ཀྱི་ཀུ་ཅོ་ལྟ་བུའི་ངར་སྐད་འདོན་ཞིང་། གལ་ཏེ་མི་ཞིག་གིས་ཡུལ་དེར་བལྟས་ཚེ། ཀྱེ་མ། དེ་རུ་འཇིགས་རུང་གི་སྨག་རུམ་འཁྲིགས་ནས་སྤྲིན་གྱིས་འོད་ཟེར་བསྒྲིབས་འདུག་པ་མཐོང་ངོ་། །