ལེའུ་བཅུ་གཅིག་པ།
ཚའོ་ཕར་གྱི་ཁ་བརྡ་དང་པོ།
དེ་ནས་ན་ཨ་མད་པ་ཚའོ་ཕར་གྱིས་ལན་བཏབ་སྟེ་སྨྲས་པ། ཚིག་འདི་ཡོངས་ལ་ལན་འདེབས་མི་འོས་སམ། ། སྐད་ཆ་མང་བ་དྲང་བདེན་ཅི་ལྟར་ཡིན། ། ཁྱེད་ཀྱི་ལབ་གླེང་གིས་ནི་མི་ཡི་ངག་བསྡམ་མམ། ། ཁྱེད་ཀྱིས་འཕྱ་དུས་ངོ་ཚ་གཏོད་མཁན་མེད་དམ་ཅི། ། ཁྱེད་ཀྱིས་ང་ཡི་བསླབ་བྱ་བདེན་པ་ཡིན། ། ཁྱེད་ཀྱི་གཟིགས་ངོར་བདག་ནི་གཙང་ཞེས་སྨྲས། ། དཀོན་མཆོག་ཉིད་ཀྱིས་བཀའ་གསུངས་ནས། ། ཁྱེད་ལ་སྐུར་བ་འདེབས་པར་ཤོག ། དག་པའི་ཤེས་བྱར་ཕྱོགས་གཉིས་ལྡན་པས་ན། ། གསང་བའི་ཤེས་རབ་ཁྱེད་ལ་སྟོན་པར་ཤོག ། ཁྱེད་ཀྱིས་ནམ་ཡང་ཤེས་པར་དགོས་པ་ནི། ། ཁྱེད་ཀྱི་སྡིག་ཉེས་ཁག་ཅིག་ཁོང་གིས་བརྗེད། ། ཁྱེད་ཀྱིས་དཀོན་མཆོག་ཉིད་ཀྱི་གསང་བ་རྙེད་འགྱུར་རམ། ། ཁྱེད་ནི་ཀུན་དབང་ཁོང་གི་མཐའ་རུ་སོན་ཐུབ་བམ། ། ཁོང་གི་ཤེས་རབ་ནམ་མཁའི་དབྱིངས་ལས་མཐོ། ། ཁྱེད་ཀྱིས་དེ་ལ་ཅི་ཞིག་བྱ་ནུས་སམ། ། གཤིན་ཡུལ་ལས་ཀྱང་ཟབ་པས་རྟོགས་ཅི་ནུས། ། དེ་ནི་ས་གཞི་ལས་ཀྱང་རྒྱང་རིང་ཞིང་། ། རྒྱ་མཚོ་བས་ཀྱང་ཤིན་ཏུ་རྒྱ་ཆེ་འོ། ། 10 ཇི་སྟེ་ཁོང་དེར་ཕེབས་ནས་མི་བཀག་ཅིང་། ། མི་ཚོགས་ཁྲིམས་སར་བཀུག་ན་སུས་འགོག་ནུས། ། 11 ཁོང་གིས་ཕན་མེད་མི་རྣམས་མཁྱེན་པ་དང་། ། ངན་སྤྱོད་མཐོང་དུས་གཟིགས་ཞིབ་མི་མཛད་དམ། ། 12 ཁོག་སྟོང་ཅན་ལ་ཤེས་རབ་ལྡན་པ་ནི། ། རྐྱང་ལས་འགྲོ་བ་མིའི་རིགས་སྐྱེས་དང་མཚུངས། ། 13 ཇི་སྟེ་ཁྱེད་ཀྱིས་རང་སེམས་བརྟན་པོར་མཛད་གྱུར་ཏེ། ། རང་གི་ལག་པ་དཀོན་མཆོག་ཕྱོགས་སུ་བཏེགས་ནས་ནི། ། 14 ལག་པའི་སྡིག་པ་རིང་དུ་འདོར་བ་དང་། ། གུར་ནང་ཉེས་པ་གནས་སུ་མ་བཅུག་ན། ། 15 ཁྱེད་གདོང་སྨེ་དང་བྲལ་ནས་ཡར་འདེགས་ཤིང་། ། ཁྱེད་རང་བརྟན་ཞིང་འཇིགས་པ་ཡེ་ནས་མེད། ། 16 ཁྱེད་ཀྱིས་རང་གི་སྡུག་བསྔལ་བརྗེད་པར་འགྱུར། ། དྲན་ཡང་བཞུར་ཆུ་བཞིན་དུ་རྒྱུགས་པར་འགྱུར། ། 17 ཁྱེད་ཀྱི་ཚེ་ནི་ཉིན་གུང་འོད་ལས་གསལ། ། མུན་པ་འབྱུང་ཡང་ཞོགས་པ་དང་མཚུངས་ཏེ། ། 18 རེ་བ་ལྡན་པས་ཁྱེད་ནི་བརྟན་པོར་འགྱུར། ། ཕྱོགས་བཞིར་བལྟ་ཞིང་བདེ་བའི་ངལ་གསོ་ཐོབ། ། 19 ཁྱེད་རང་ཉལ་དུས་སུས་ཀྱང་དཀྲོག་མི་འགྱུར། ། མང་པོས་ཁྱེད་ལ་གཟིགས་སྐྱོང་བྱེད་རེ་ཞུ། ། 20 འོན་ཀྱང་སྡིག་སྤྱོད་མིག་ནི་ལོང་པར་འགྱུར། ། དེ་དག་ཐར་བའི་ལམ་ནི་མེད་པ་དང་། ། དེ་ཚོའི་རེ་བ་མཇུག་མཐའི་དབུགས་རྒྱུན་ཡིན། །