ལེའུ་བཅུ་གཉིས་པ།
ཨེས་ཡོབ་ཀྱིས་ཚའོ་ཕར་ལ་ལན་གསུངས་པ།
དེ་ནས་ཨེས་ཡོབ་ཀྱིས་ལན་བཏབ་སྟེ་གསུངས་པ། ཁྱོད་རྣམས་དངོས་གནས་ཤེས་ལྡན་མི་སྡེ་ཡིན། ། ཁྱོད་དང་ལྷན་ཅིག་ཤེས་རབ་འདའ་བར་འགྱུར། ། ཁྱོད་ཅག་ལྟ་བུའི་ཤེས་རབ་བདག་ལའང་ལྡན། ། ཁྱོད་རྣམས་ལས་བདག་དམན་པ་མ་ཡིན་ཏེ། ། ཀྱེ་ཧུད་འདི་རྣམས་སུ་ཡིས་མི་ཤེས་སམ། ། བདག་གིས་དཀོན་མཆོག་ཞུས་ནས་ལན་ཐོབ་ཀྱང་། ། བདག་ནི་གྲོགས་པོ་རྣམས་ཀྱི་བཞད་གད་གྱུར། ། དྲང་བདེན་ཅན་དང་ཡོངས་སུ་རྫོགས་པའི་མི། ། གཞན་དག་རྣམས་ཀྱིས་འཕྱ་བའི་གནས་སུ་གྱུར། ། སྐྱིད་པོ་མི་ཡིས་ཆག་སྒོར་མཐོང་ཆུང་བྱེད། ། ཆག་སྒོ་སྡུག་བསྔལ་ཅན་གྱི་སྟེང་དུ་འབྱུང་། ། རྐུན་ཇག་རྣམས་ཀྱི་གུར་ནི་བདེ་ལེགས་ཤིང་། ། དཀོན་མཆོག་ཉིད་ཀྱི་ཐུགས་དཀྲུགས་རྣམས་བརྟན་ལ། ། དེ་ཚོའི་ལྷ་རྣམས་རང་གི་ལག་ཏུ་ཡོད། ། རི་དྭགས་རྣམས་ལ་དྲིས་ཤིག་ལམ་སྟོན་གནང་། ། ནམ་མཁའི་བྱ་ལ་དྲིས་ཤིག་འཆད་པར་འགྱུར། ། ཡང་ན་ས་ལ་དྲིས་དང་སྟོན་པར་འགྱུར། ། རྒྱ་མཚོའི་ཉ་ལ་དྲིས་དང་གསལ་པོར་སྟོན། ། དོན་འདི་ཀུན་ལ་ལྟ་དུས་སུ། ། དཀོན་མཆོག་ཡ་ཝཱེའི་ཕྱག་གིས་ནི། ། མཛད་པ་སུ་ཡིས་མི་ཤེས་སམ། ། 10 སྲོག་ལྡན་གང་ཡིན་སེམས་ཅན་ཐམས་ཅད་དང་། ། དབུགས་ཐོགས་མི་ཡང་ཁོང་གི་ཕྱག་ཏུ་ཡོད། ། 11 དཀན་གྱིས་ཁ་ཟས་བྲོ་བ་མྱོང་བ་བཞིན། ། རྣ་བས་གཏམ་གྱི་བྱེ་བྲག་མི་འབྱེད་དམ། ། 12 རྒན་པ་རྣམས་ལ་ཤེས་རབ་ལྡན། ། ཚེ་རིང་རྣམས་ལ་བློ་གྲོས་ཡོད། ། 13 ཤེས་རབ་དང་ནི་ནུས་མཐུ་ཁོང་ལ་མངའ། ། ཐབས་ཇུས་དང་ནི་བློ་གྲོས་ཁོང་ལ་ལྡན། ། 14 ཁོང་གིས་བཤིགས་པ་ཡང་བསྐྱར་བརྩིག་མི་ནུས། ། ཁོང་གིས་བཀག་པ་སུས་ཀྱང་སྒྲོལ་ཐབས་མེད། ། 15 ཁོང་གིས་ཆུ་རྣམས་བཀག་པས་དེ་རྣམས་བསྐམ། ། དེ་རྣམས་བཏང་བས་ས་གཞི་ཡོངས་སུ་བསྣུབ། ། 16 ཁོང་ལ་ནུས་མཐུ་དང་ནི་ཤེས་རབ་ལྡན། ། གཡོ་སྒྱུ་ཅན་དང་གཡོ་འོག་ཚུད་པ་ནི། ། ཐམས་ཅད་མ་ལུས་ཁོང་ལ་དབང་བ་ཡིན། ། 17 ཁོང་གིས་དཔོན་རིགས་རྐང་རྗེན་བཙོན་ལ་འཁྱེར། ། ཁྲིམས་དཔོན་རྣམས་ནི་བློ་གྲོས་རྨོངས་པར་མཛད། ། 18 ཁོང་གིས་རྒྱལ་པོའི་ཆིངས་ཐག་སྒྲོལ་བྱེད་ཅིང་། ། དེ་དག་རྐེད་པར་སྐ་རགས་བཅིང་བར་མཛད། ། 19 ཁོང་གིས་མཆོད་དཔོན་རྐང་རྗེན་ཁྲིད་པ་དང་། ། དཔའ་བོ་རྣམས་ནི་ཡོངས་སུ་ཕམ་པར་མཛད། ། 20 ཁོང་གིས་བློ་དཀར་ཅན་གྱི་གཏམ་དོར་ཏེ། ། རྒན་པོའི་བློ་གྲོས་ཁོང་གིས་འཁྱེར་བར་མཛད། ། 21 སྐུ་དྲག་རྣམས་ལ་ངོ་ཚ་ཐེབས་སུ་འཇུག ། དཔའ་རྩལ་ཅན་གྱི་སྐ་རགས་སྒྲོལ་བར་མཛད། ། 22 ཁོང་གིས་གཏིང་ཟབ་དོན་རྣམས་མུན་ནག་ནང་ནས་མངོན། ། ཁོང་གིས་འཆི་བའི་སྨག་རུམ་ལས་ནི་འོད་ཟེར་སྤྲོ། ། 23 ཁོང་གིས་མི་རིགས་དར་དུ་བཅུག་ནས་འཇོམས་པར་མཛད། ། མི་རིགས་འཕེལ་བར་མཛད་ནས་ཡང་བསྐྱར་བཙོན་དུ་འཁྲིད། ། 24 ཁོང་གིས་མི་སྡེའི་འགོ་དཔོན་རྣམས་ཀྱི་བློ་རིག་འཁྱེར། ། ལམ་མེད་དབེན་སྟོང་གནས་སུ་དེ་རྣམས་འཁྱམ་དུ་འཇུག ། 25 འོད་མེད་མུན་ནག་ནང་དུ་དེ་ཚོས་ལག་མྱུལ་བྱེད། ། ཁོང་གིས་དེ་ཚོ་བཟི་བའི་མི་ལྟར་འཁྱོར་མཛད་དོ། །