ལེའུ་བཅུ་གསུམ་པ།
ང་ཡི་མིག་གིས་འདི་དག་ཐམས་ཅད་མཐོང་། ། ང་ཡི་རྣ་བས་འདི་དག་ཐམས་ཅད་ཐོས། ། དེ་ཡི་མི་ཚད་ད་དུང་ཡོད་ཚད་ཤེས། ། ཁྱོད་ཚོས་ཤེས་པ་ངས་ཀྱང་རྟོགས་པ་སྟེ། ། བདག་ནི་ཁྱོད་ལས་དམན་པ་མ་ཡིན་ནོ། ། བདག་གིས་ཀུན་དབང་ཁོང་དང་གླེང་འདོད་དེ། ། དཀོན་མཆོག་དང་ནི་རྩོད་གླེང་བྱེད་པར་དགའ། ། གང་ལྟར་ཁྱོད་ཅག་རྫུན་གཏམ་སྒྲིག་མཁན་ཏེ། ། ཐམས་ཅད་ཕན་ཐོགས་མེད་པའི་སྨན་པ་བཞིན། ། ཨེ་མ་ཁྱོད་ཅག་ཁ་རོག་བསྡད་ན་དགའ། ། དེ་ནི་ཁྱོད་ཀྱི་ཤེས་རབ་ཡིན་པར་མངོན། ། ད་ལྟ་བདག་གི་རྩོད་པར་ཉོན་ཅིག་དང་། ། བདག་གི་མཆུ་ཡིས་ཅི་ཞིག་ཞུ་བར་ཉོན། ། དཀོན་མཆོག་དོན་དུ་ཁྱོད་ཚོས་རྫུན་སྨྲ་འམ། ། ཁོང་གི་ཆེད་དུ་གཡོ་སྒྱུའི་གཏམ་གླེང་ངམ། ། ཁྱོད་ཚོས་དཀོན་མཆོག་ངོ་སོར་བལྟ་འདོད་དམ། ། དཀོན་མཆོག་དོན་དུ་རྩོད་པ་བྱེད་དམ་ཅི། ། ཁོང་གིས་ཁྱོད་ཚོར་ཞིབ་བཤེར་མཛད་པ་འདི། ། དོན་བཟང་ཡིན་མིན་ཁྱོད་ཀྱིས་མི་ཤེས་སམ། ། མི་ཡིས་མི་ལ་སླུ་བྲིད་བྱེད་པ་བཞིན། ། ཁྱོད་ཚོས་དེ་བཞིན་ཁོང་ཡང་བསླུ་འདོད་དམ། ། 10 ཇི་སྟེ་ཁྱོད་ཚོས་ལྐོག་ནས་ཕྱོགས་བྱེད་ན། ། ཁོང་གིས་ཁྱོད་ཚོར་བཀའ་བཀྱོན་གནང་ངེས་ཏེ། ། 11 ཁོང་གི་གཟི་བརྗིད་དང་ནི་མཆོག་གྱུར་གྱིས། ། ཁྱོད་ཚོར་འཇིགས་སྣང་སྐྱེ་བར་མཛད་པ་དང་། ། ཁྱོད་ཚོར་ཁོང་གི་འཇིགས་པ་མི་འབེབ་བམ། ། 12 ཁྱོད་ཚོས་རྗེས་དྲན་བྱེད་པའི་ལེགས་བཤད་ནི། ། ཐལ་བར་འདྲ་བའི་གདམས་ངག་ཡིན་པ་དང་། ། ཁྱོད་ཚོའི་རྒྱབ་རྟེན་འདམ་གྱི་རྒྱབ་རྟེན་འདྲ། ། 13 ཁྱོད་ཚོས་ཅི་ཡང་མི་འཆད་པར། ། བདག་ལ་སྨྲ་བར་མཛོད་ཅིག་དང་། ། དེ་ནས་བདག་ལ་ཅི་བྱུང་ཡང་། ། ཡོད་ཚད་བདག་གིས་འཁུར་བར་བྱ། ། 14 ང་ཡིས་ཅི་ལ་རང་ཤ་རང་གི་སོ་ཐོག་སྐོན། ། ཚེ་སྲོག་རང་གི་ལག་མཐིལ་ལ་ནི་འཇོག་དོན་ཅི། ། 15 ལྟོས་དང་ཁོང་གིས་བདག་ནི་གསོད་འགྱུར་བས། ། བདག་ལ་རེ་བ་ཅི་ཡང་མེད་པར་གྱུར། ། ཡིན་ཡང་ཁོང་གི་དྲུང་དུ་རང་ཉིད་ཀྱི། ། སྤྱོད་པ་སྤྱད་པར་བརྡར་ཤ་གཅོད་བྱེད་དོ། ། 16 དད་མེད་ཁོང་དྲུང་འགྲོ་བར་མི་ནུས་པས། ། འདི་ནི་བདག་གི་ཐར་པར་འགྱུར་དགོས་ཏེ། ། 17 ཁྱོད་ཚོས་བདག་གི་གཏམ་ལ་གསལ་པོར་ཉོན། ། བདག་གི་སྨྲ་བ་ཁྱོད་ཚོའི་རྣ་བར་བཅུག ། 18 ལྟོས་དང་རང་གི་གནས་ལུགས་གསལ་བར་བྱ། ། བདག་ལ་བདེན་དྲང་ཡོད་པ་རང་གིས་ཤེས། ། 19 བདག་དང་རྩོད་གླེང་བྱེད་མཁན་སུ་ཡོད་དམ། ། ཡོད་ན་བདག་གིས་ཅི་ཡང་མི་བརྗོད་པར། ། དབུགས་རྒྱུན་ཆད་དེ་ཤི་བ་ལྟར་དུ་ལུས། ། 20 དོན་གཉིས་བདག་ལ་ལག་བསྟར་མི་མཛད་རོགས། ། དེ་ནས་ཁྱེད་ལས་བདག་ནི་ཡིབ་མི་བྱ། ། 21 ཁྱེད་ཕྱག་བདག་གི་ལུས་དང་རིང་དུ་འབྲལ་བར་མཛོད། ། ཁྱེད་ཀྱི་བརྗིད་ཉམས་ཀྱིས་ནི་བདག་ལ་འཇིགས་མ་སློང་། ། 22 དེ་ནས་ཁྱེད་ཀྱིས་འབོད་དུས་བདག་གིས་ཞུ་ལན་འབུལ། ། ཡང་ན་བདག་གིས་ཞུས་ཏེ་ཁྱེད་ཀྱིས་ལན་བསྩལ་རོགས། ། 23 བདག་ལ་ཉེས་སྐྱོན་སྡིག་པ་ཅི་ཙམ་ཡོད། ། བདག་གི་སྐྱོན་དང་སྡིག་ཉེས་བདག་ལ་སྟོན། ། 24 ཁྱེད་ཀྱི་ཞལ་རས་ཅི་ལ་སྦ་བར་མཛད། ། ཁྱེད་ཀྱིས་ང་རང་དགྲ་རུ་འཛིན་པ་ཅི། ། 25 རླུང་འཁྱེར་ལོ་མར་ཁྱེད་ཀྱིས་འཇིགས་མཛད་དམ། ། སྦུར་མ་སྐམ་པོ་ཁྱེད་ཀྱིས་བདས་ཡོང་ངམ། ། 26 ཁྱེད་ཀྱིས་ང་ཡི་ནག་ཉེས་བཅད་ཁྲར་འཁོད། ། གཞོན་དུས་ཉེས་ཆད་བདག་ལ་འཁུར་དུ་བཅུག ། 27 ཁྱེད་ཀྱིས་བདག་གི་རྐང་པར་ཨན་གཏད་བརྒྱབ། ། བདག་གི་འགྲོ་ལམ་ཀུན་ལ་བལྟ་ཞིབ་མཛད། ། བདག་གི་གོམ་པ་སྤོ་སའི་དབྱེ་མཚམས་ཕྱེས། ། 28 མི་ནི་རྩ་མེད་བཏང་བའི་སྙིགས་རུལ་དང་། ། མུག་མས་ཟོས་པའི་ལྭ་བ་དང་འདྲ་འོ། །