ལེའུ་ཉི་ཤུ་པ།
ཚའོ་ཕར་གྱི་ཁ་བརྡ་གཉིས་པ།
དེ་ནས་ན་ཨ་མད་པ་ཚའོ་ཕར་གྱིས་ལན་བཏབ་ནས་སྨྲས་པ། ང་ཡི་སེམས་པ་ཤིན་ཏུ་འཚབ་པས་ན། ། ང་ཡི་བསམ་པས་ལན་ཞིག་འདེབས་སུ་འཇུག ། བདག་ལ་བརྙས་པའི་བཀའ་བཀྱོན་ངས་ཐོས་པས། ། ང་ཡི་གོ་རྟོགས་ཀྱིས་ནི་ལན་འདེབས་འཇུག ། ས་སྟེང་མི་བུ་བཀོད་ནས་ད་ལྟའི་བར། ། ཁྱེད་ཀྱིས་འདི་ནི་སྔར་ནས་མ་རྟོགས་སམ། ། སྡིག་སྤྱོད་མི་ཡི་དགའ་འབོད་དུས་ཐུང་ཞིང་། ། ཆོས་མེད་མི་ཡི་དགའ་སྤྲོ་ཡུད་ཙམ་ཡིན། ། དེ་ཡི་གཟི་དཔལ་ནམ་མཁའི་བར་དུ་ཕྱིན། ། མགོ་བོ་སྤྲིན་པའི་ནང་དུ་ཟུག་ན་ཡང་། ། ཁོ་ནི་རང་གི་རྟུག་པ་བཞིན་དུ་ཡལ། ། གང་དུ་ཡོད་ཅེས་མཐོང་མཁན་རྣམས་ཀྱིས་འདྲི། ། ཁོ་ནི་རྨི་ལམ་ལྟར་དུ་ཡལ་བས་རྙེད་མི་འགྱུར། ། མཚན་མོའི་འཆར་སྣང་བཞིན་དུ་ཁོ་ནི་འདེད་པར་འགྱུར། ། ཁོ་སྔར་མཐོང་བའི་མིག་གིས་ཁོ་མི་མཐོང་། ། རང་ཁྱིམ་ལ་ཡང་ཁོ་ནི་མཐོང་མི་འགྱུར། ། 10 དེ་ཡི་བུ་ཚོས་དབུལ་པོར་སྐྱབས་འཇུག་ཞུ། ། དེ་ཡི་ལག་པས་རྒྱུ་ནོར་ཕྱི་རུ་སྤྲོད། ། 11 རུས་པར་ན་གཞོན་ལྟ་བུའི་ཤེད་ལྡན་ཡང་། ། ཁོ་དང་མཉམ་དུ་རྡུལ་ནང་ཉལ་བར་འགྱུར། ། 12 དེ་ཡི་ཁ་ལ་ཉེས་སྡིག་མངར་མོ་ཡིན། ། ལྕེ་ཡི་འོག་ཏུ་ཉེས་སྡིག་སྦ་བ་དང་། ། 13 དེ་ལ་ཆགས་ཤིང་འདོར་བར་མི་འདོད་དེ། ། རང་གི་ཁ་ནང་སྦས་ནས་འཇོག་མོད་ཀྱང་། ། 14 དེ་ཡི་ཁ་ཟས་ལྟོ་བར་རུལ་ནས་ནི། ། ཁོག་ནང་དུག་སྦྲུལ་དུག་ཆུ་བཞིན་དུ་འགྱུར། ། 15 དེ་ཡིས་ནོར་རྣམས་མིད་ཀྱང་སླར་བསྐྱུག་ངེས། ། དཀོན་མཆོག་ཉིད་ཀྱིས་དེ་ཡི་ཁོག་ནས་འདོན། ། 16 དུག་སྦྲུལ་གྱི་ནི་དུག་ཆུ་ཁོས་འཇིབ་སྟེ། ། ལྟོ་འགྲོ་ལྕེ་ཡིས་ཁོའི་སྲོག་གཅོད་པར་འགྱུར། ། 17 འོ་མ་དང་ནི་སྦྲང་རྩིའི་ཆུ་བོ་དང་། ། གཙང་པོ་རྣམས་ནི་ཁོས་ནི་མཐོང་མི་འགྱུར། ། 18 དེ་ཡིས་འབད་ཀྱིས་ཐོབ་སྐལ་རྙེད་ཀྱང་ཕྱིར་སྤྲོད་དགོས། ། ཚོང་ལས་རྒྱུ་ནོར་ཐོབ་ཀྱང་དགའ་སྤྲོ་མི་རྙེད་དེ། ། 19 རྒྱུ་མཚན་དེ་ཡིས་དབུལ་པོར་བརྙས་ཤིང་དོར། ། གཞན་གྱིས་བསྐྲུན་པའི་ཁང་པ་བཙན་གྱིས་བླངས། ། 20 ཁོ་ནི་ཧམ་འདོད་ངོམས་མེད་ཡིན་པས་ན། ། གང་ལ་ཆགས་པ་ཅི་ཡང་ལུས་མི་འགྱུར། ། 21 ལུས་པ་གཅིག་ཀྱང་མིད་ནས་མ་བཞག་པས། ། དེ་ཡི་ལོངས་སྤྱོད་ཡུན་རིང་གནས་མི་འགྱུར། ། 22 ཚིམ་པའི་དུས་ལ་ཁོ་རང་འུ་ཐུག་འགྱུར། ། ཉོན་མོངས་ཅན་གྱི་ལག་ཀུན་དེའི་ཐོག་དབབ། ། 23 རང་གི་ལྟོ་བ་འགྲངས་སུ་འཇུག་པའི་དུས། ། དཀོན་མཆོག་ཁོང་གི་ཐུགས་ཁྲོ་དེའི་སྟེང་དབབ། ། དེ་ཡིས་ཁ་ཟས་ལ་ནི་རོལ་བའི་དུས། ། ཐུགས་ཁྲོ་ཆར་བ་བཞིན་དུ་དེའི་ཐོག་དབབ། ། 24 ལྕགས་ཀྱི་མཚོན་ཆ་ལས་ཁོ་བྲོས་ན་ཡང་། ། ལི་ཡི་མདའ་གཞུས་ཁོ་ནི་འབིགས་པར་འགྱུར། ། 25 མདའ་མོ་བཏོན་པར་རྒྱབ་ནས་ཐོན་པ་དང་། ། འོད་སྤྲོ་མདའ་མགོ་མཁྲིས་པའི་ནང་ནས་ཐོན། ། དངངས་སྐྲག་གིས་ནི་ཁོ་རང་འཇོམས་པར་འགྱུར། ། 26 དེ་ཡི་གཏེར་ནི་མུན་པའི་ནང་དུ་ལྟུང་། ། མི་ཡིས་མ་སྦར་མེས་དེ་བསྲེག་པར་འགྱུར། ། གུར་གྱི་ནང་གི་ལྷག་མ་རྣམས་བསྲེག་འོང་། ། 27 གནམ་གྱིས་དེ་ཡི་སྡིག་ཉེས་མངོན་པར་བྱ། ། ས་གཞི་ཡང་ནི་དེ་ཡི་དགྲ་རུ་ལང་། ། 28 དེ་ཡི་ཁྱིམ་གྱི་ཐོན་རྫས་མེད་པར་འགྱུར་བ་དང་། ། དཀོན་མཆོག་ཐུགས་ཁྲོའི་ཉིན་མོར་རྒྱུ་ནོར་འཁུར་བར་འགྱུར། ། 29 འདི་ནི་སྡིག་སྤྱོད་ཅན་ལ་ཐོབ་པའི་སྐལ་བ་སྟེ། ། དཀོན་མཆོག་ཉིད་ཀྱིས་དེ་ལ་གནང་བའི་ནོར་སྐལ་ཡིན། །