ལེའུ་གསུམ་པ།
ཨེས་ཡོབ་ཀྱིས་རང་ཉིད་ལ་དམོད་མོ་བརྒྱབ་པ།
དེའི་རྗེས་སུ་ཨེས་ཡོབ་ཀྱིས་ཁ་ནས་རང་གི་ཚེ་ལ་དམོད་མོ་བརྒྱབ་སྟེ། འདི་ལྟར་སྨྲས་པ། ང་རང་བཙས་པའི་ཉིན་མོ་དང་། ། བུ་ཞིག་ཆགས་འདུག་ཅེས་སྨྲས་པའི། ། མཚན་མོ་དེ་ནི་སྟོངས་པར་ཤོག ། ཉིན་དེ་མུན་པར་གྱུར་ནས་ནི། ། དཀོན་མཆོག་གིས་དེར་མི་གཟིགས་ཤིང་། ། དེའི་སྟེང་འོད་ཀྱང་སྤྲོ་མ་འགྱུར། ། མུན་པ་དང་ནི་སྨག་རུམ་གྱིས། ། ཉིན་མོ་དེ་ལ་དབང་སྒྱུར་ཅིག ། དེའི་སྟེང་སྤྲིན་ནག་འཁྲིགས་ནས་ནི། ། ཉིན་འཛིན་དེ་ལ་འཇིགས་བསྐུལ་ཤོག ། མཚན་དེ་སྨག་རུམ་གྱིས་འཕྲོག་ཅིང་། ། ལོ་རྩིས་ནང་དེར་དགའ་སྤྲོ་མེད། ། ཟླ་རྩིས་ནང་དེ་མ་རྩིས་ཤིག ། ལྟོས་དང་མཚན་མོ་དེ་ལ་མངལ་ནི་མི་ཆགས་ཤིང་། ། དེའི་ནང་དགའ་སྤྲོའི་སྐད་ཀྱང་འབྱུང་བར་མ་གྱུར་ཅིག ། ཉིན་མོར་དམོད་མོ་འདེབས་པ་དང་། ། ཆུ་སྲིན་ *སློང་བར་ནུས་པ་རྣམས། ། མཚན་མོ་དེར་ཡང་དམོད་པར་ཤོག ། མཚན་དེའི་ཞོགས་པའི་སྐར་མ་སྒྲིབ་པར་ཤོག ། དེ་ཡིས་འོད་ལ་རེ་ཡང་རྙེད་མི་འགྱུར། ། སྐྱ་མདའ་གཏོང་བ་ཡང་ནི་མི་མཐོང་ངོ་། ། 10 བདག་གི་མ་ཡི་མངལ་སྒོ་མ་བཅད་པར། ། ང་ཡི་མིག་ནས་སྡུག་བསྔལ་མ་སྦས་རྐྱེན། ། 11 ཅིའི་ཕྱིར་བདག་ནི་མངལ་ནང་མ་ཤི་འམ། ། མངལ་ལས་ཐོན་དུས་དབུགས་ནི་ཅིའི་མ་ཆད། ། 12 ཅིའི་ཕྱིར་པུས་མོ་བཙུགས་ནས་བདག་བསུས་ཏེ། ། ང་ཡིས་འཇིབ་ཏུ་ཅིའི་ཕྱིར་འོ་མ་ཐོན། ། 13 དེ་མིན་ད་ལྟ་བདག་ནི་མར་ལོག་ཅིང་། ། བདེ་བར་ཤི་ནས་ངལ་གསོ་ཐོབ་པ་ཡིན། ། 14 སྟོང་སར་རང་རང་གནས་ཕྱིར་བརྩིགས་པ་ཡི། ། རྒྱལ་པོ་བཀའ་བློན་རྣམས་དང་ལྷན་ཅིག་གམ། ། 15 ཡང་ན་ཁང་པར་དངུལ་གྱིས་བཀང་བ་ཡི། ། གསེར་བདག་རྒྱལ་སྲས་མཉམ་དུ་འདུག་ཐུབ་ལ། ། 16 ང་ནི་ཅིའི་ཕྱིར་མངལ་ནས་ཤོར་བ་དང་། ། དུར་དུ་སྦས་པའི་ཕྲུ་གུ་ནང་བཞིན་དང་། ། འོད་སྣང་མ་མཐོང་ཕྲུ་གུ་ལྟར་མ་ཡིན། ། 17 གནས་དེར་མི་ངན་ཟིང་ཆ་མཚམས་བཞག་པས། ། ཉམ་ཐག་རྣམས་ལ་ངལ་གསོ་ཐོབ་པ་ཡིན། ། 18 དེ་རུ་བཙོན་པའི་སེམས་ཀྱང་ལྷོད་ལ་བབས། ། དེ་ཚོས་ལས་རྒྱབ་པ་ཡི་སྒྲ་མི་ཐོས། ། 19 ཆེ་ཆུང་ཐམས་ཅད་དེ་རུ་འདྲ་མཉམ་ཡིན། ། བྲན་པོ་བདག་པོའི་དབང་ལས་ཐར་བ་ཡིན། ། 20 སྡུག་བསྔལ་ཅན་ལ་འོད་ནི་ཅི་ལ་གནང་། ། སེམས་སྡུག་ཅན་ལ་སྲོག་ནི་ཅི་ལ་གནང་། ། 21 དེ་ཚོས་འཆི་བར་སྒུག་ཀྱང་དེ་མི་འོང་། ། སྦས་པའི་གཏེར་ལས་ལྷག་པར་འཆི་བ་འབྲུ། ། 22 དེ་ཚོས་དུར་ཁྲོད་རྙེད་གྱུར་དུས། ། རབ་ཏུ་དགའ་ཞིང་མགུ་བར་བྱེད། ། 23 མི་ཡི་ལམ་ནི་སྦས་ཤིང་དཀོན་མཆོག་གིས། ། ཕྱོགས་བཞིར་ཁོ་རང་སྡུག་ལ་སྦྱར་བས་ན། ། དེ་ལ་འོད་སྣང་སྦྱིན་པའི་རྒྱུ་མཚན་ཅི། ། 24 ཁ་ཟས་ཚབ་ཏུ་བདག་གིས་ཤུགས་ནར་ཕྱུང་། ། ཆུ་བོ་བཞིན་དུ་བདག་གིས་འཁུན་སྒྲ་བསྒྲགས། ། 25 ང་རང་འཇིགས་པ་དེ་ནི་ངའི་ཐོག་བབས། ། ང་རང་སྐྲག་པ་དེ་ཡིས་ང་རང་བསུས། ། 26 བདག་ལ་ཞི་བདེ་དང་ནི་ལྷིང་འཇགས་མེད། ། ངལ་གསོ་མེད་པའི་སྟེང་དུ་དཀའ་སྡུག་སླེབས། །
* ལེའུ་གསུམ་པ།:8 འདིར་ཆུ་སྲིན་ཞེས་པར་མ་ཕྱི་ལས་ལེ་ཝི་ཡ་ཐན་ཞེས་བཀོད༌ཡོད།