ལེའུ་བཞི་པ།
ཨེ་ལི་ཕཱ་སི་ཡི་ཁ་བརྡ་དང་པོ།
དེ་ནས་དེ་མན་པ་ཨེ་ལི་ཕཱ་སི་ཡིས་ལན་དུ་སྨྲས་པ། མི་ཡིས་ཁྱེད་དང་གླེང་མོལ་བྱེད་འདོད་པས། ། ཁྱེད་ཀྱི་ཐུགས་ནི་ངལ་བ་ཡིན་ནམ་ཅི། ། ཡིན་ཡང་སུ་ཡིས་བཟོད་ནས་གཏམ་མི་བརྗོད། ། ཁྱེད་ཀྱིས་མི་ལ་གདམས་ངག་གནང་བ་དང་། ། ཁྱེད་ཀྱིས་ཉམས་ཆུང་དག་ལ་སྟོབས་ཤུགས་གནང་། ། ཁྱེད་ཀྱི་ཞལ་ཏས་ཉམ་ཆུང་དག་ལ་རོགས་སྐྱོར་མཛད། ། ཁྱེད་ཀྱིས་སྟོབས་ཤུགས་མེད་པའི་པུས་མོ་བརྟན་པོར་མཛད། ། འོན་ཀྱང་ད་ལྟ་སྡུག་བསྔལ་ཁྱེད་ཐོག་བབས། ། དེ་བས་ཁྱེད་རང་ཡིད་སེམས་ཕམ་པ་དང་། ། ཁྱེད་ལ་ཕོག་པས་ཁྱེད་སེམས་འཁྲུག་པར་བྱེད། ། དཀོན་མཆོག་ཁོང་ལ་གུས་ཤིང་འཇིགས་པ་དེ། ། ཁྱེད་ཀྱི་བརྟེན་ས་དེ་ཉིད་མ་ཡིན་ནམ། ། ཁྱེད་ཀྱིས་དྲང་པོའི་ལུགས་སུ་སྤྱད་པ་ནི། ། ཉིད་ཀྱི་རེ་བ་བཅང་ས་མ་ཡིན་ནམ། ། ནོངས་མེད་སུ་ཞིག་མེད་པར་གྱུར་པ་དང་། ། སེམས་རྒྱུད་དྲང་བ་གང་ནས་ཚར་དུ་བཅད། ། དེ་ལ་ཁྱེད་ཀྱིས་ཕྱིར་འདང་རྒྱག་པར་མཛོད། ། ཉེས་པ་རྨོ་ཞིང་མི་དགེ་འདེབས་པ་ཡིས། ། དེ་དང་དེ་བཞིན་སྡུད་པ་ང་ཡིས་མཐོང་། ། དཀོན་མཆོག་ཁོང་གི་ཞལ་ཕུ་ཡིས། ། དེ་དག་མེད་པར་བཟོས་པ་དང་། ། ཁོང་ཉིད་ཁྲོས་པས་དེ་དག་ནུབ། ། 10 སེང་གེའི་ངར་སྐད་དང་ནི་དྲག་པོའི་སྒྲ། ། སེང་གེ་དར་མའི་མཆེ་བ་དང་བཅས་ཆག ། 11 ཕོ་སེང་ལ་ནི་བརྔོན་རྒྱུ་མེད་པར་འཆི། ། སེང་ཕྲུག་རྣམས་ཀྱང་མོ་སེང་ལ་ནི་བྲལ། ། 12 དེ་ཡང་བདག་གིས་གསང་བའི་གཏམ་ཞིག་ཐོས། ། དེ་ཡི་ཤུབ་ལབ་བདག་གི་རྣ་བར་ཆུད། ། 13 ལྕི་བའི་གཉིད་ནི་འཇིག་རྟེན་མི་ལ་འཐིབ་པའི་དུས། ། མཚན་མོའི་ཞལ་གཟིགས་ཀྱི་ནི་བསམ་ཚུལ་སྣ་ཚོགས་ནང་། ། 14 བདག་གི་རུས་པ་ཡོད་ཚད་འཁྲུགས་འཇུག་པའི། ། དངངས་སྐྲག་འདར་ཡམ་ཞིག་ནི་བདག་ལ་བྱུང་། 15 སེམས་ཉིད་ང་ཡི་མདུན་ནས་རྒྱུ་བ་ལ། ། བདག་གི་ལུས་ཀྱི་བ་སྤུ་གྱེན་དུ་གཟེངས། ། 16 སེམས་ཉིད་དེ་ནི་ང་ཡི་མདུན་དུ་བསྡད། ། བདག་གིས་དེ་ཡི་དབྱིབས་ནི་མ་ཤེས་ཏེ། ། གཟུགས་བརྙན་ང་ཡི་དྲུང་དུ་བསྡད་པ་དང་། ། ལྷིང་འཇགས་ཁྲོད་དུ་ང་ཡིས་སྐད་ཅིག་ཐོས། ། 17 འཆི་ངེས་མི་ནི་དཀོན་མཆོག་ལས་དྲང་ངམ། ། མི་རྣམས་ཁོ་ཚོའི་བྱེད་པོ་ལས་གཙང་ངམ། ། 18 གཙོ་བོས་འཁོར་གཡོག་རྣམས་ལ་ཐུགས་མི་བརྟེན། ། ཁོང་གི་ཕོ་ཉ་བླུན་པོར་བརྩིས་པས་ན། ། 19 འདམ་གྱི་ཁང་པར་གནས་པའི་མི་རྣམས་དང་། ། གཞི་ནི་ས་རྡུལ་ནང་དུ་ཆགས་པ་སྟེ། ། མུག་པ་ལས་ཀྱང་ཚར་གཅོད་བྱེད་སླ་བའི། ། འཇིག་རྟེན་མི་བུ་དག་ནི་ལྟ་ཅི་སྨོས། ། 20 ཉིན་མོ་དང་ནི་མཚན་མོའི་བར། ། དེ་དག་དུམ་བུར་བཅད་པ་དང་། ། ཇི་སྲིད་བར་དུ་མེད་པར་འགྱུར། ། ཤི་ཡང་ལྟ་མཁན་གཅིག་ཀྱང་མེད། ། 21 དེ་རྣམས་ལོངས་སྤྱོད་རྩ་ནས་མ་ཁྱེར་རམ། ། ཤེས་རབ་དང་བྲལ་ཚེ་ལས་འདས་པ་འོ། །