ལེའུ་བཅོ་བརྒྱད་པ།
དཱན་གྱི་མི་རྣམས་ལཱ་ཨི་སི་ཡུལ་དུ་གཞིས་ཆགས་པ།
དེའི་དུས་སུ་ཡེས་ར་ཨེལ་གྱི་ཁྲོད་དུ་རྒྱལ་པོ་མེད་པ་དང་། དཱན་གྱི་ཚོ་པས་ད་དུང་སྡོད་སའི་གནས་ཤིག་འཚོལ་བ་སྟེ། དུས་དེ་བར་དུ་ཁོ་རྣམས་ལ་ཡེས་ར་ཨེལ་ཚོ་པའི་ཁྲོད་དུ་ད་དུང་ས་སྐལ་འཐོབ་མེད་པས་སོ། ། དེའི་ཕྱིར་དཱན་གྱི་མི་རྣམས་ཀྱིས་ཚོར་ཨ་དང་ཨེ་སི་ཐ་ཨོལ་ནས་རང་གི་ནང་མི་ལས་དཔའ་རྒོད་ལྔ་ཡུལ་དེར་ལྐོག་ཞིབ་བྱེད་པར་བཏང་ནས་ན་རེ། ཁྱོད་རྣམས་ཡུལ་དེར་ལྐོག་ཞིབ་བྱེད་དུ་སོང་ཞེས་སྨྲས། དེ་ནས་ཁོ་རྣམས་ཨེ་ཕཱར་ཡིམ་རི་ཁུལ་དུ་སླེབས་ཤིང་། མི་ཀཱ་ཡི་ཁང་པར་ཕྱིན་ནས་དེར་ཞག་སྡོད་བྱས། ཁོ་རྣམས་མི་ཀཱའི་ཁང་པ་དང་ཉེ་བར་སླེབས་པ་ལ་གཞོན་ནུ་ལེ་ཝི་པ་དེའི་སྐད་གདངས་ཤེས་ཏེ་ནང་དུ་སོང་ནས་ཁོ་ལ་འདི་ལྟར། སུ་ཞིག་གིས་ཁྱོད་འདིར་ཁྲིད་འོངས་པ་ཡིན། ཁྱོད་ཀྱིས་འདིར་ཅི་བྱེད། ཁྱོད་ལ་འདི་ནས་ཅི་ཐོབ་ཅེས་དྲིས་པ་ལ། ཁོ་ན་རེ། མི་ཀཱས་ང་ལ་འདི་ལྟར་བྱས་བྱུང་། ཁོང་གིས་ང་རང་གླས་ནས་ཁོང་གི་མཆོད་དཔོན་དུ་བཞག་པ་ཡིན་ཞེས་སྨྲས་ཤིང་། དེ་དག་གིས་ཁོ་ལ་འདི་ལྟར། ངེད་རྣམས་བགྲོད་པའི་ལམ་འདི་བདེ་བླག་ཡིན་མིན་ཤེས་པའི་ཕྱིར་ཁྱེད་ཀྱིས་དཀོན་མཆོག་ལ་ཞུ་རོགས་ཞེས་ཞུས་པ་ལ། མཆོད་དཔོན་གྱིས་ཁོ་རྣམས་ལ། ཁྱོད་རྣམས་བདེ་བར་ཕྱིན་ཅིག ཁྱོད་རྣམས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ལམ་འདིར་བགྲོད་པ་ཡིན་ཞེས་སྨྲས་སོ། ། དེ་ནས་མི་ལྔ་པོ་དེ་སོང་ནས་ལཱ་ཨི་སི་ཡུལ་དུ་སླེབས་པ་དང་། ཡུལ་དེའི་མི་རྣམས་ཚི་ཏུན་པ་རྣམས་བདེ་བར་སྡོད་པ་ནང་བཞིན་བག་ཡངས་ཞི་བདེ་ངང་སྡོད་པ་མཐོང་ཞིང་། ཡུལ་དེར་དབང་དུ་སྡུད་མཁན་དང་གནོད་འཚེ་གཏོང་མཁན་མེད་དེ། དེ་རྣམས་ཚི་ཏུན་པ་དང་རྒྱང་ཐག་རིང་ལ་གཞན་དང་འགྲོ་འོང་མེད་པ་རེད། མི་ལྔ་པོ་དེ་ཕྱིར་ཚོར་ཨ་དང་ཨེ་སི་ཐ་ཨོལ་དུ་རང་གི་སྤུན་རྣམས་ཀྱི་སར་འོངས་པ་དང་། སྤུན་རྣམས་ན་རེ། ཁྱོད་རྣམས་ལ་སྨྲ་རྒྱུ་ཅི་ཞིག་ཡོད་ཅེས་དྲིས་པ་ལ། དེ་དག་ན་རེ། ལོངས་དང་བདག་ཅག་ཡར་སོང་ནས་ཁོ་རྣམས་ལ་འཐབ་པར་བྱ། ངེད་རྣམས་ཀྱིས་ཡུལ་དེར་ལྐོག་ཞིབ་བྱས་ཤིང་ཡུལ་དེ་ཤིན་ཏུ་ཡག་པོ་འདུག ཁྱོད་རྣམས་ད་དུང་ས་འདིར་འདུག་གམ། མྱུར་བ་མྱུར་དུ་སོང་ནས་ཡུལ་དེ་ས་སྐལ་དུ་ལེན་པ་ལས་དུས་འགྱངས་བྱེད་མི་རུང་། 10 ཁྱོད་རྣམས་དེར་སླེབས་དུས་བག་ཡངས་ཞི་བདེ་ངང་སྡོད་པའི་མི་རྣམས་མཐོང་ངེས་ཤིང་ས་རྒྱའང་ཆེ་བ་ཡིན། དཀོན་མཆོག་གིས་ཡུལ་དེ་ཁྱོད་རྣམས་ཀྱི་ལག་ཏུ་སྤྲད་ཟིན། ཡུལ་དེར་དངོས་པོ་གང་ཡིན་ཡང་གྱ་ནོམ་པ་ཡོད་ཅིང་མི་ཚང་བ་གཅིག་ཀྱང་མེད་ཅེས་སྨྲས་སོ། ། 11 དེ་ནས་དཱན་གྱི་ཁྱིམ་རྒྱུད་ཁྲོད་ཀྱི་མི་དྲུག་བརྒྱ་ཡིས་རང་རང་སར་མཚོན་ཆ་ཁྱེར་ཏེ་ཚོར་ཨ་དང་ཨེ་སི་ཐ་ཨོལ་ནས་ཆས་སོ། ། 12 དེ་དག་ཡར་སོང་སྟེ་ཡ་ཧུ་དཱའི་ཀིར་ཡད་ཡེ་ཨ་རིམ་དུ་སླེབས་པ་དང་དེར་སྒར་བཏབ་པས། ཡུལ་དེར་ད་ལྟའི་བར་དུ་མ་ཧ་ནེ་དཱན་ *ཞེས་འབོད་པའོ། །ལྟོས་དང་། དེ་ནི་ཀིར་ཡཱད་ཡེ་ཨ་རིམ་གྱི་ནུབ་ཕྱོགས་སུ་ཡོད་དེ། 13 ཁོ་རྣམས་དེ་ནས་ཨེ་ཕཱར་ཡིམ་རི་ཁུལ་དུ་ཕྱིན་ཅིང་མི་ཀཱའི་ཁང་པར་སླེབས། 14 སྔར་ལཱ་ཨི་སི་ཡུལ་ལ་ལྐོག་ཞིབ་བྱེད་མཁན་མི་ལྔ་པོ་དེས་རང་གི་སྤུན་རྣམས་ལ་འདི་ལྟར། ཁང་པ་འདིའི་ནང་དུ་བེར་ཐུལ་ཞིག་དང་ཁྱིམ་གྱི་ལྷ་སྐུ་རྣམས་དང་། དེ་མིན་སྐུ་བརྐོས་མ་དང་སྐུ་བླུགས་མ་ཡོད་པ་ཁྱོད་ཅག་གིས་ཤེས་སམ། ད་ནི་ཁྱོད་ཅག་གིས་ཅི་བྱེད་འོས་པར་བསམ་བློ་གཏོང་དགོས་ཞེས་སྨྲས་ཤིང་། 15 མི་ལྔ་པོ་དེ་མི་ཀཱའི་ཁང་པར་ཕྱིན་ཅིང་། གཞོན་ནུ་ལེ་ཝི་པ་དེའི་ཁང་པར་སླེབས་པ་དང་ཁོ་ལ་འཚམས་འདྲི་ཞུས། 16 དཱན་གྱི་མི་དྲུག་བརྒྱ་བོས་རང་རང་གི་མཚོན་ཆ་བཟུང་ནས་སྒོ་ཁར་འགྲེང་ནས་བསྡད། 17 དེ་ནས་ཡུལ་དེར་ལྐོག་ཞིབ་བྱེད་མཁན་མི་ལྔ་པོ་ནང་དུ་སོང་ནས་སྐུ་བརྐོས་མ་དང་བེར་ཐུལ། ཁྱིམ་གྱི་ལྷ་སྐུ། དེ་མིན་སྐུ་བླུགས་མ་བཅས་ཐམས་ཅད་ཁྱེར། མཆོད་དཔོན་དང་མཚོན་ཆ་ཐོགས་པའི་མི་དྲུག་བརྒྱ་བོ་ལྷན་ཅིག་ཏུ་སྒོ་ཁར་འགྲེང་ནས་བསྡད། 18 མི་ལྔ་པོ་དེ་མི་ཀཱའི་ཁང་པར་ཕྱིན་ཏེ་སྐུ་བརྐོས་མ་དང་བེར་ཐུལ། ཁྱིམ་གྱི་ལྷ་སྐུ། དེ་མིན་སྐུ་བླུགས་མ་བཅས་བླངས་པ་ལ། མཆོད་དཔོན་གྱིས་ཁོ་རྣམས་ལ། ཁྱོད་ཅག་གིས་ཅི་བྱེད་དམ་ཞེས་དྲིས་པ་དང་། 19 ཁོ་རྣམས་ན་རེ། ཁ་མི་གྲགས་པར་ལག་པས་ཁ་བཅད་ནས་ངེད་ཅག་མཉམ་དུ་ཤོག་ཅིག ངེད་རྣམས་ཀྱིས་ཁྱེད་རང་ཕ་དང་མཆོད་དཔོན་དུ་བརྩི་བར་བྱ། ཁྱེད་རང་ཁྱིམ་གཅིག་གི་མཆོད་དཔོན་བྱས་ན་དགའ་འམ་ཡང་ན་ཡེས་ར་ཨེལ་གྱི་རིགས་རྒྱུད་གཅིག་དང་ཚོ་པ་གཅིག་གི་མཆོད་དཔོན་བྱས་ན་ལེགས་ཞེས་སྨྲས་པ་ལ། 20 མཆོད་དཔོན་དགའ་བར་གྱུར་ཏེ་བེར་ཐུལ་དང་ཁྱིམ་གྱི་ལྷ་སྐུ། དེ་མིན་སྐུ་བརྐོས་མ་བཅས་རྣམས་ཁྱེར་ནས་ཁོ་རྣམས་ཀྱི་ཁྲོད་དུ་ཕྱིན། 21 དེ་ནས་ཁོ་རྣམས་ཡུལ་དེར་བྲལ་ཞིང་། བུ་ཕྲུག་དང་ཕྱུགས་ཟོག རྒྱུ་ནོར་བཅས་ཐམས་ཅད་སྔོན་ལ་བཏང་ངོ་། ། 22 ཁོ་ཚོ་མི་ཀཱའི་ཁང་པ་དང་རྒྱང་ཐག་རིང་པོར་སླེབས་པ་ལ། མི་ཀཱའི་ཁྱིམ་མཚེས་རྣམས་འདུས་ཏེ་དཱན་གྱི་མི་རྣམས་བདས་ཤིང་། 23 ཁོ་ཚོས་དཱན་གྱི་མི་རྣམས་བོས་པ་ལ། དཱན་གྱི་མི་རྣམས་ཁ་ཕྱིར་འཁོར་ནས་མི་ཀཱ་ལ་འདི་ལྟར། ཁྱོད་ཀྱིས་མི་འདི་འདྲ་མང་པོ་བསྡུས་ཡོང་ནས་ཅི་བྱའམ་ཞེས་དྲིས་པ་ན། 24 མི་ཀཱ་ན་རེ། ཁྱོད་རྣམས་ཀྱིས་ངས་བཟོས་པའི་ལྷ་སྐུ་དང་མཆོད་དཔོན་བཅས་ཐམས་ཅད་ཁྱེར་སོང་བ་དང་། ད་ནི་བདག་ལ་ཅི་ཞིག་ལུས་ཡོད་དམ། ད་དུང་བདག་ལ་ཁྱོད་ཀྱིས་ཅི་བྱའམ་ཞེས་འདྲི་བ་ཅི་ཞེས་སྨྲས་པ་དང་། 25 དཱན་གྱི་མི་རྣམས་ཀྱིས་ཁོ་ལ་འདི་ལྟར་སྨྲས་པ་སྟེ། གདུག་རྩུབ་ཅན་འདི་ཚོས་ཁྱོད་ལ་རྒོལ་ཏེ་ཁྱོད་དང་ཁྱོད་ཀྱི་ཁྱིམ་གང་པོའི་སྲོག་འཆོར་ཉེན་ཡོད་པས། ཁྱོད་ཀྱིས་རང་གི་སྐད་ངེད་རྣམས་ལ་ཐོས་སུ་མ་འཇུག་ཅེས་པའོ། ། 26 དཱན་གྱི་མི་རྣམས་སྔར་བཞིན་རང་གི་ལམ་དུ་སྐྱོད་པ་ལ། མི་ཀཱ་ཡིས་དེ་རྣམས་ཀྱི་སྟོབས་ཤུགས་རང་ཉིད་ལས་ཆེ་བ་མཐོང་སྟེ་ཁ་ཕྱིར་འཁོར་ནས་ཡུལ་དུ་ལོག 27 དཱན་གྱི་མི་རྣམས་ཀྱིས་མི་ཀཱས་བཟོས་པའི་ལྷ་སྐུ་དང་དེའི་མཆོད་དཔོན་བཅས་ཐམས་ཅད་ལཱ་ཨི་སི་ཡུལ་དུ་ཁྱེར་བ་དང་། བག་ཡངས་ཞི་བདེ་ངང་སྡོད་པའི་ཡུལ་མི་རྣམས་མཐོང་ནས་དེ་རྣམས་ལ་རལ་གྲིས་བརྒྱབ་ཅིང་། ཡང་གྲོང་ཁྱེར་དེ་མེར་བསྲེགས་པའོ། ། 28 གྲོང་ཁྱེར་དེ་ཚི་ཏུན་དང་རྒྱང་ཐག་རིང་བ་དང་གཞན་དང་འགྲོ་འོང་མེད་པས་སྐྱོབ་མཁན་གཅིག་ཀྱང་མ་བྱུང་། གྲོང་ཁྱེར་དེ་ཐང་ཞིག་ཏུ་ཡོད་པ་དང་ཐང་དེ་པེད་རེ་ཧོབ་དང་ཉེ། དཱན་གྱི་མི་རྣམས་ཀྱིས་ཡང་བསྐྱར་དེ་རུ་མཁར་བརྩིགས་ནས་བསྡད་ཅིང་། 29 ཁོ་རྣམས་ཀྱི་ཕ་མེས་ཡེས་ར་ཨེལ་གྱི་བུ་དཱན་གྱི་མིང་ལྟར་གྲོང་ཁྱེར་དེའི་མིང་ལ་དཱན་ཞེས་བཏགས། སྔར་གྲོང་ཁྱེར་དེའི་མིང་ལ་ལཱ་ཨི་སི་ཞེས་བྱའོ། ། 30 དཱན་གྱི་མི་རྣམས་ཀྱིས་སྐུ་བརྐོས་མ་དེ་རང་གི་དོན་དུ་བཞག ཡང་ཡུལ་དེར་འཕྲོག་བཅོམ་ཐེབས་པའི་ཉིན་མོའི་བར་དུ། མོ་ཤེའི་ ཚ་བོ་སྟེ་གེར་ཤོམ་གྱི་བུ་ཡོ་ནཱ་ཐན་དང་དེའི་བུ་རབས་ཚ་རྒྱུད་ནི་དཱན་ཚོ་པའི་མཆོད་དཔོན་བྱས་ཤིང་། 31 དཀོན་མཆོག་གི་མཆོད་ཁང་ཞི་ལོ་རུ་ཡོད་པའི་ཉིན་མོ་དག་ལ། དཱན་གྱི་མི་རྣམས་ཀྱིས་རང་གི་དོན་དུ་བཞག་པའི་མི་ཀཱ་ཡིས་བརྐོས་པའི་སྐུ་ཡང་དཱན་དུ་ཡོད་པ་ཡིན་ནོ། །
* ལེའུ་བཅོ་བརྒྱད་པ།:12 འདིར་མ་ཧ་ནེ་དཱན་ཞེས་པ་ནི་དཱན་གྱི་སྒར་ཞེས་པའི་དོན་ཡིན། ལེའུ་བཅོ་བརྒྱད་པ།:30 འདིར་མོ་ཤེ་ཞེས་པར་མ་ཕྱི་ལས་མཱ་ན་ཤེ་ཞེས་མཐོང་།