ལེའུ་བཅུ་དགུ་པ།
ལེ་ཝི་པ་ཞིག་དང་དེའི་ཆུན་མ།
ཡེས་ར་ཨེལ་གྱི་ཁྲོད་དུ་རྒྱལ་པོ་མེད་པའི་དུས་སུ། ཨེ་ཕཱར་ཡིམ་རི་ཁུལ་དུ་བྱེས་སུ་སྡོད་པའི་ལེ་ཝི་པ་ཞིག་གིས་ཡ་ཧུ་དཱའི་པེད་ལེ་ཧེམ་གྱི་བུད་མེད་ཅིག་ཆུན་མར་བླངས་ཤིང་། ཆུན་མ་དེས་ལོག་གཡེམ་བྱས་ཏེ་སྐྱེས་པར་བྲལ་ནས་ཕྱིར་ཡ་ཧུ་དཱའི་པེད་ལེ་ཧེམ་དུ་ཕ་གཞིས་སུ་སླེབས་པ་དང་། ཟླ་བ་བཞིའི་རིང་ལ་དེར་བསྡད། དེ་ནས་ཁོ་མོའི་སྐྱེས་པ་ལངས་ནས་གཡོག་པོ་ཞིག་དང་བོང་བུ་གཉིས་ཁྲིད་དེ་ཁོ་མོའི་རྩར་ཕྱིན་ཅིང་། ཚིག་སྙན་མོས་ཁོ་མོ་ཕྱིར་ལོག་པར་བསྐུལ་བ་ལ། བུད་མེད་ཀྱིས་སྐྱེས་པ་ཁྲིད་ནས་ཕ་གཞིས་སུ་ཕྱིན་ཏེ། མོའི་ཕ་ཡིས་ཁོ་མཐོང་བ་དང་དགའ་དགའ་སྤྲོ་སྤྲོས་བསུ་བ་བྱས། ཁོའི་སྒྱུག་པོ་སྟེ་བུད་མེད་ཀྱི་ཕ་ཡིས་ཁོ་རང་ཉིན་གསུམ་ལ་བཀག་པ་དང་ཁོ་གཉིས་ཀྱིས་དེ་རུ་མཉམ་དུ་བཟའ་བཏུང་ལ་རོལ་ནས་ཞག་སྡོད་བྱས། ཉིན་བཞི་པར་ལེ་ཝི་པ་ནངས་སྔ་མོ་ཡར་ལངས་ནས་འགྲོ་བར་བརྩམས་པ་ལ། བུད་མེད་ཀྱི་ཕ་ཡིས་མག་པར་འདི་ལྟར་སྨྲས་པ་སྟེ། ཁྱོད་ཀྱིས་ཁ་ཟས་ཉུང་ཙམ་ཟོས་ནས་སེམས་ཤུགས་བསྐྱེད་རྗེས་ལམ་དུ་ཆས་དང་ཞེས་པའོ། ། དེ་ནས་ཁོ་གཉིས་བསྡད་དེ་མཉམ་དུ་བཟའ་བཏུང་ལ་རོལ་ཅིང་། བུད་མེད་ཀྱི་ཕ་ཡིས་ཁོ་ལ་ན་རེ། ཁྱོད་ད་དུང་ཞག་གཅིག་ལ་བསྡད་ནས་སེམས་དགའ་བར་མཛོད་ཅིག་ཅེས་སྨྲས། ཡང་མི་དེ་ལངས་ནས་འགྲོ་བར་བརྩམས་པ་ལ། ཁོའི་སྒྱུག་པོས་ཁོ་རང་བཙན་གྱིས་བཀག་པས་ཡང་གནས་དེར་ཞག་གཅིག་ལ་བསྡད། ཉིན་ལྔ་པར་ཁོ་རང་ནངས་སྔ་མོ་ཡར་ལངས་ནས་འགྲོ་བར་བརྩམས་པ་ལ། བུད་མེད་ཀྱི་ཕ་ན་རེ། ཁྱོད་ཀྱིས་ཁ་ཟས་ཉུང་ཙམ་ཟོས་ནས་སེམས་ཤུགས་བསྐྱེད་དེ་ཉི་མ་ཕྱི་དྲོ་ལོན་རྗེས་ལམ་དུ་ཆས་པར་མཛོད་ཅེས་སྨྲས་ཤིང་། དེ་ནས་ཁོ་གཉིས་ཀྱིས་མཉམ་དུ་བཟའ་བཏུང་ལ་རོལ་བའོ། ། ཡང་མི་དེ་ཁོའི་ཆུན་མ་དང་གཡོག་པོ་མཉམ་དུ་ལངས་ནས་འགྲོ་བར་བརྩམས་པ་ལ། ཁོའི་སྒྱུག་པོ་སྟེ་བུད་མེད་ཀྱི་ཕ་ཡིས་ཁོ་ལ་འདི་ལྟར་སྨྲས་པ་སྟེ། ལྟོས་དང་ཉི་མ་ཕྱི་དྲོ་ལོན་འདུག ཁྱོད་ཡང་ཞག་གཅིག་ལ་འདུག་རོགས། ཉི་མ་ནུབ་ལ་ཉེ་བས་འདིར་བསྡད་ནས་སེམས་དགའ་བར་གྱིས། སང་ཉིན་ནངས་སྔ་མོ་ཡར་ལངས་ནས་ཕྱིར་རང་ཡུལ་དུ་ལོག་ཅིག་ཅེས་པའོ། ། 10 མི་དེ་ཡང་ཞག་གཅིག་ལ་སྡོད་མ་འདོད་པར་བོང་བུ་གཉིས་ལ་ཁལ་བཀལ་ཏེ། ཆུན་མ་ཁྲིད་ནས་ཕྱིན་ཅིང་ཡེ་བུ་སིའི་ཁ་ཐུག་ཏུ་སླེབས་པ་སྟེ། ཡེ་བུ་སི་ནི་ཡེ་རུ་སཱ་ལེམ་ཡིན་ནོ། ། 11 ཡེ་བུ་སི་དང་ཉེ་བར་སླེབས་དུས་ཉི་མ་ནུབ་ལ་ཉེ། གཡོག་པོས་བདག་པོ་ལ་འདི་ལྟར། ཕེབས་ཤོག་དང་ངེད་ཅག་ཡེ་བུ་སི་པའི་གྲོང་ཁྱེར་དུ་ཞག་སྡོད་བྱས་ན་དགའ་ཞེས་ཞུས་པ་ལ། 12 བདག་པོ་ན་རེ། ངེད་ཅག་ཡེས་ར་ཨེལ་པ་རྣམས་ཀྱི་སྡོད་གནས་མ་ཡིན་པའི་ཕྱི་ཕྱོགས་པའི་གྲོང་ཁྱེར་དུ་འགྲོ་མི་རུང་སྟེ། གིབ་ཨ་རུ་སོང་ན་དགའ་ཞེས་སྨྲས་པ་དང་། 13 ཡང་གཡོག་པོ་ལ་འདི་ལྟར་སྨྲས་པ་སྟེ། ཤོག་དང་། ངེད་ཅག་གིབ་ཨ་ཡུལ་དང་ཡང་ན་རཱ་མའི་གནས་ཤིག་ཏུ་ཞག་སྡོད་བྱས་ཆོག་ཅེས་པའོ། ། 14 དེ་ནས་ཁོ་རྣམས་གནས་དེ་ལས་བརྒལ་ཏེ་སོང་ནས་པེན་ཡཱ་མེན་པའི་གིབ་ཨ་དང་ཉེ་བར་སླེབས་དུས། ཉི་མ་ནུབ་ལ་བཞུད་དོ། ། 15 ཁོ་རྣམས་གིབ་ཨ་རུ་སོང་ནས་དེར་ཞག་སྡོད་བྱེད་འདོད་ཅིང་། ཁོ་གཉིས་གྲོང་ཁྱེར་གྱི་ཐང་ཆེན་དུ་བསྡད་ཀྱང་ཁྱིམ་དུ་བསུ་མཁན་མ་བྱུང་ངོ་། ། 16 ལྟོས་དང་། དགོང་མོར་རྒན་པོ་ཞིག་ཞིང་ཁ་ནས་ལས་མཚམས་བཞག་སྟེ་ཕྱིར་འོངས་པ་དང་། མ་གཞི་ཁོ་ནི་ཨེ་ཕཱར་ཡིམ་རི་ཁུལ་གྱི་ཡིན་ཞིང་གིབ་ཨ་རུ་བྱེས་སུ་སྡོད་པ་ཡིན་མོད། འོན་ཀྱང་ཡུལ་དེའི་མི་རྣམས་ནི་པེན་ཡཱ་མེན་པ་ཡིན་ནོ། ། 17 རྒན་པོ་དེས་མགོ་ཡར་བཀྱགས་ནས་བལྟས་པར་ལམ་པ་ཞིག་གྲོང་ཁྱེར་གྱི་ཐང་ཆེན་དུ་སྡོད་པ་མཐོང་ནས་ཁོ་ལ་འདི་ལྟར། ཁྱོད་གང་ནས་འོངས། གང་དུ་འགྲོ་ཞེས་དྲིས་པ་ན། 18 ཁོ་ན་རེ། ངེད་རྣམས་ཡ་ཧུ་དཱའི་པེད་ལེ་ཧེམ་ནས་འོངས་པ་དང་རྒྱང་རིང་གི་ཨེ་ཕཱར་ཡིམ་རི་ཁུལ་ཕྱོགས་སུ་འགྲོའོ། །ང་ནི་མ་གཞི་ཡུལ་དེའི་ཡིན་ཞིང་ཡ་ཧུ་དཱའི་པེད་ལེ་ཧེམ་དུ་ཕྱིན་པ་དང་། ད་ལྟ་ང་རང་དཀོན་མཆོག་ཡ་ཝཱེའི་བཞུགས་གནས་སུ་འགྲོ་བ་ཡིན། འདི་རུ་ང་རང་ཁྱིམ་དུ་བསུ་མཁན་མི་འདུག 19 དོན་དམ་དུ་བདག་ལ་བོང་བུ་གསོ་བྱེད་གཟན་རྩྭ་དང་ཆས་ཡོད་ལ། བདག་དང་བདག་གི་ཆུན་མ་དང་། བདག་གི་གཡོག་པོ་ལའང་བག་ལེབ་དང་རྒུན་ཆང་ཡོད་པས་དགོས་མཁོ་ཅི་ཡང་མེད་ཅེས་སྨྲས་པར། 20 རྒན་པོ་ན་རེ། ཁྱོད་རང་བདེ་བར་སྨོན། ཁྱོད་ཀྱི་དགོས་མཁོ་ཐམས་ཅད་བདག་གིས་བསྐང་བར་བྱ། ཡིན་ནའང་ཐང་ཆེན་དུ་ཞག་སྡོད་བྱེད་མི་རུང་ཞེས་སྨྲས། 21 དེ་ནས་རྒན་པོས་ཁོ་རྣམས་ཁྱིམ་དུ་ཁྲིད་ནས་བོང་བུ་ལ་ཆས་བྱིན་རྗེས། ཁོ་རྣམས་ཀྱིས་རྐང་བ་བཀྲུས་ནས་བཟའ་བཏུང་ལ་རོལ་བའོ། །
གིབ་ཨའི་ངན་སྤྱོད།
22 ཁོ་རྣམས་དགའ་ཞིང་སྤྲོ་བའི་དུས་སུ། ལྟོས་དང་། གྲོང་ཁྱེར་དེའི་ཁྲམ་པ་འགའ་རེས་ཁང་པ་བསྐོར་ཅིང་། ཡང་ཡང་སྒོ་བརྡུངས་ནས་ཁང་བདག་རྒན་པོ་ལ་འདི་ལྟར་སྨྲས་པ་སྟེ། ཁྱོད་ཚང་ལ་འོངས་པའི་མི་དེ་ཕྱི་རོལ་ཏུ་ཁྲིད་ཤོག་ཅིག ངེད་རྣམས་དེ་དང་འགྲོགས་པར་བྱ་ཞེས་པ་ལ། 23 ཁང་བདག་དེ་ཕྱི་རུ་འོངས་ནས་ཁོ་རྣམས་ལ་འདི་ལྟར། བདག་གི་སྤུན་ཟླ་རྣམས། འདི་ལྟར་དོན་ངན་མི་བྱེད་རོགས། མི་དེ་བདག་གི་ཁྱིམ་དུ་འོངས་པས་ཁྱོད་རྣམས་ཀྱིས་དོན་ཁྲེལ་མེད་འདི་འདྲ་མི་བྱེད་རོགས། 24 ལྟོས་དང་། བདག་ལ་བུ་མོ་ཞིག་ཡོད་པ་ད་དུང་ན་ཆུང་ཡིན་པར་མ་ཟད། མི་འདིའི་ཆུན་མ་ཡང་ཡོད་པས་བདག་གིས་ཁོ་མོ་རྣམས་ཕྱི་རུ་ཁྲིད་ཡོང་བར་བྱ་སྟེ། ཁྱོད་ཅག་གིས་ཁོ་མོ་རྣམས་བཏུལ་ནས་ཅི་འདོད་ལྟར་བྱས་ཆོག ཡིན་ནའང་མི་འདི་ལ་དོན་ཁྲེལ་མེད་འདི་འདྲ་མི་བྱེད་རོགས་ཞེས་སྨྲས་ཀྱང་། 25 མི་དེ་རྣམས་ཀྱིས་ཁོའི་གཏམ་ལ་མ་མཉན་པས། མི་དེས་ཁོའི་ཆུན་མ་བཟུང་སྟེ་ཕྱི་རུ་ཁྲིད་ནས་མི་དེ་རྣམས་ལ་སྤྲད་པ་དང་། དེ་རྣམས་ཁོ་མོར་འགྲོགས་ནས་མཚན་གང་པོར་བརྙས་བཅོས་བྱས་ཏེ། ནམ་ལངས་ལ་ཉེ་དུས་ད་གཟོད་ཁོ་མོ་བཏང་ངོ་། ། 26 ཞོགས་པའི་དུས་སུ། བུད་མེད་དེ་ཕྱིར་རང་གི་བདག་པོ་སྡོད་དུ་འཇུག་མཁན་མི་དེའི་ཁང་པའི་སྒོ་ཁར་ཡོང་སྟེ་སར་འགྱེལ་ཞིང་། ནམ་ལངས་པའི་བར་དུ་དེར་ལུས་སོ། ། 27 ཞོགས་པར་ཁོ་མོའི་བདག་པོ་ལངས་ནས་སྒོ་ཕྱེས་ཏེ་ཕྱི་རོལ་ཏུ་ཕྱིན་ནས་ལམ་ལ་ཆས་སྙམ་པ་ལ། ལྟོས་དང་། བསམ་ཡིད་ལས་འདས་པ་ཞིག་ལ་ཁོའི་ཆུན་མ་སྒོ་ཁར་འགྱེལ་ཞིང་ལག་ཟུང་མ་ཐེམ་སྟེང་བཞག་ཡོད་པའོ། ། 28 ཁོས་བུད་མེད་ལ་འདི་ལྟར། ཡར་ལོངས་དང་བདག་ཅག་འགྲོ་བར་བྱ་ཞེས་སྨྲས་ནའང་། བུད་མེད་དེས་ལན་མ་བཏབ། དེར་མི་དེས་ཁོ་མོ་བོང་བུར་བཀལ་ནས་ལམ་ལ་ཆས་ཏེ་རང་ཡུལ་དུ་ལོག 29 ཡང་རང་ཁྱིམ་དུ་སླེབས་པ་དང་དེས་ཆུན་མའི་བེམ་པོ་གྲི་ཡིས་ལྷུ་བཅུ་གཉིས་སུ་བཅད་ཅིང་། མི་མངགས་ནས་ཡེས་ར་ཨེལ་གྱི་མཐའ་མཚམས་བཞི་པོར་འཁྱེར་དུ་བཅུག 30 དེ་མཐོང་བ་ཀུན་ན་རེ། ཡེས་ར་ཨེལ་པ་རྣམས་ཨེ་ཅིབ་ཡུལ་ནས་ཐོན་པ་ནས་ད་ལྟའི་བར་དུ་དོན་འདི་འདྲ་བྱུང་མ་མྱོང་ལ་མཐོང་ཡང་མ་མྱོང་ངོ་། །ད་ལྟ་བསམ་བློ་གཏོང་རན་འདུག ཚང་མས་ཅི་ལྟར་ཐག་གིས་གཅོད་པར་གྲོས་བྱེད་འོས་ཞེས་སྨྲས་སོ། །